མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ད་ལོར་ཞི་མཛེས་གྲོང་སྡེ་འཛུགས་སྐྲུན་ལས་གཞི་སུམ་བརྒྱ་ལག་བསྟར་བྱེད་རྒྱུ་རེད།
2024.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གཅིག་འདོམས་བྱེད་པ། རིགས་གསར་བའི་གྲོང་གསེབ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་འདོམས་བྱེད་པ་དང་། མཁར་གྲོང་སྡོད་ཁང་ལམ་ལུགས་དང་ཚད་གཞི་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། གྲོང་ཁྱེར་གསར་སྒྱུར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་ཤུགས་ཆེན་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་རེད།

སྟོབས་ཤུགས་ཡོད་རྒུས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལས་གཞི་ལག་བསྟར་བཟང་བོ་བྱེད་པ། ཞིང་ཁང་གི་ཡོམ་རྒོལ་ལག་རྩལ་ཚད་འཛིན་དང་པར་རིས་སྒྲིག་བཟོ་བཟང་བོ་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཆ་འཕྲིན་མ་ལག་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། ལས་གཞིའི་བཀོད་གཏོང་ལ་ཤུགས་སྣོན་པ། དུས་ཚོད་དུས་རིམ་དམ་འཛིན་བྱེད་པ། ཟླ་བཅུ་པའི་ཟླ་མཇུག་སྔོན་དུ། བསྐྱར་འཛུགས་སྡོད་ཁང་ལས་གཞི་ཡོད་ཚད་དང་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་ཡོངས་རྫོགས་ཡོངས་འགྲུབ་བྱེད་རྒྱུ་མ་ཟད་བཀོལ་སྤྱོད་བྱེད་འགོ་བརྩམས་ནས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་མཁྲེགས་གཏོར་ཐད་ནས་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་རྒྱུ་རེད། སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤུགས་བསྡུས་མཁྲེགས་གཏོར་དང་པར་འགོད་དོན་སྒྲུབ་བྱེད་པ། བྱ་བའི་ཞན་ཆ་ཁ་གསབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ལས་རིགས་ཀྱི་བཙོག་བཟོ་འགོག་བཅོས་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།

སྟོབས་ཤུགས་ཡོད་རྒུས་སྡོད་དམངས་མཁར་གྲོང་རང་སྐྲུན་བཅོས་སྐྱོང་གི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁ་བཅོས་སྐྱོང་བྱ་བ་དམ་འཛིན་གཅིག་འདོམས་བྱེད་པ། རྫོང་དང་ཆུའུ་སྲིང་གཞུང་གི་གཙོ་གཞི་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི། མཁར་གྲོང་སྲང་ལམ་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བཀོད་གཏོང་ལྟ་སྐུལ་ལ་ཤུགས་སྣོན་པ། དུས་བཀག་ལྟར་སྤུས་ཚད་བཟང་བོས་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ནས། ད་ལོའི་ཟླ་ལྔ་པའི་ཟླ་མཇུག་བར་དུ་ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བའི་བཅོས་སྐྱོང་ཐོ་སུབ་ཚད་བརྒྱ་ཆའི་གོ་ལྔར་སླེབས་པ་བརྩོན་ལེན་བྱེད་པ་དང་། ཟླ་དགུ་པའི་ཟླ་མཇུག་བར་དུ་བརྒྱ་ཆའི་བརྒྱ་རུ་སླེབས་པར་བྱེད་རྒྱུ་ཡིན་ལ། ཚོང་གཉེར་རང་བཞིན་མིན་པའི་རང་སྐྲུན་ཁང་བའི་བཅོས་སྐྱོང་ཐོ་སུབ་ཚད་ཟླ་ལྔ་པའི་ཟླ་མཇུག་ཏུ་བརྒྱ་ཆའི་དགུ་བཅུ་རུ་སླེབས་པར་བྱེད་པ་དང་། ཟླ་དགུ་པའི་ཟླ་མཇུག་ཏུ་བརྒྱ་ཆའི་གོ་ལྔ་རུ་བསླེབ་པར་བྱེད་པ། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་རེད།

སྟོབས་ཤུགས་ཡོད་རྒུས་རྙིང་སྒྱུར་མཇུག་བསྡུ་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ལག་བྶཏར་བྱེད་པ། རྙིང་སྒྱུར་དུས་བརྒལ་བྱས་པ་དང་ཐ་ན་སྒྱུར་བཀོད་བྱེད་མཚམས་འཇོག་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལས་གཞི་གཅིག་ལ་སྲིད་ཇུས་གཅིག་གི་ཇུས་གཞི་གཏན་འབེབས་བྱེད་པ། དུས་ཐོག་ཏུ་དཀའ་གནད་དང་གེགས་གནད་ཐག་གཅོད་པ། རེ་རེ་བཞིན་ཐོ་སུབ་བྱས་ཏེ། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།