ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་འགོག་རོགས་སྐྱོར་ཡན་ལག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡན་ལག་རུ་ཁག་གིས་ལུགས་རྙིང་ལོ་སར་དང་རྒྱ་ལོ་བཅོ་ལྔའི་སྐབས་སུ་ཇུས་གཞི་བཀོད་པ་དང་། རོགས་སྐྱོར་སྟོབས་ཤུགས་དང་སྒྲིག་ཆས་ཡོད་ཚད་གཅིག་བསྡུས་བྱས་ལ། དུས་ཚོད་ཉེར་བཞིའི་རིང་གི་ལས་རེས་ལས་སྲུང་བྱས་ཏེ། རྒྱ་ཆེའི་མང་ཚོགས་དག་བདེ་འཇགས་ཞི་འཇམ་གྱི་དུས་ཆེན་གཉིས་རོལ་བར་སྲུང་སྐྱེལ་བྱས།
མགོ་ལོག་ཁུལ་མེ་འགོག་རོགས་སྐྱོར་ཡན་ལག་རུ་ཁག་གི་ལས་བྱེད་པ་ཧྥིན་ཞིན་ཀའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། དུས་ཆེན་གཉིས་སྐབས་ཀྱི་མེ་སྐྱོན་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད། དུས་ཆེན་སྔོན་དུ། ཡན་ལག་རུ་ཁག་གིས་མི་སྣ་གཅིག་བསྡུས་དང་མེ་སྐྱོན་འབྱུང་སླ་བའི་ཉེན་ཁའི་ཁུལ་ཁོངས་ཀྱི་གྲལ་བཤེར་དང་ལས་རེས་བྱེད་ཤུགས་ལ་ཤུགས་བསྣན་པ་དང་། སྤྱི་བདེ་དང་སྡོད་ཁང་འཛུགས་སྐྲུན། ཚོང་རའི་ལྟ་སྐུལ་སོགས་སྡེ་ཁག་མང་པོར་མཐུན་སྦྱོར་བྱས་ཏེ། ཡུལ་གནས་ཆུང་བ་དགུ་དང་ལས་རྣམ་མང་བའི་ཕྱོགས་བསྡུས་ཚོར་གཉེར་ཡུལ་གནས། མི་སྣ་འདུ་རུབ་བྱེད་ས་སོགས་གཙོ་གནད་ཡུལ་གནས་གསུམ་ལ་ཁ་གཏད་དེ་མཉམ་འབྲེལ་ཞིབ་བཤེར་སྤེལ་ནས། རིགས་མི་འདྲ་བའི་མེ་འགོག་བདེ་འཇགས་ཉེན་ཁ་བརྒྱད་བརྒྱ་དང་བཞི་བཅུ་མེད་པར་བཟོས། དེ་དང་མཉམ་དུ། གཙོ་གནད་ཡུལ་གནས་ནས་འཁྲབ་སྦྱོང་ཐེངས་བཅུ་ལྷག་སྤེལ་བ་དང་། ལས་རེས་ལས་སྲུང་བྱེད་ས་བཞི་བཀོད་སྒྲིག་བྱས། དུས་ཆེན་སྐབས་སུ། མེ་འགོག་རོགས་སྐྱོར་ཡན་ལག་རུ་ཁག་གིས་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་བྱས་པར་མ་ཟད། མཚན་མོ་དང་མི་སྣ་འདུ་རུབ་བྱེད་ས་སོགས་ཀྱི་ཉེན་ཁ་གནས་ཚུལ་ཐད་ཀྱི་མངག་གཏོང་རིམ་ཚད་མཐོར་འདེགས་བཏང་ནས། ཐོལ་བྱུང་དོན་རྐྱེན་ལ་ཐུག་རྗེས་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱོད་པ་དང་ཁ་གཏད་བཟང་བོ་འཇལ་བར་ཁག་ཐེག་བྱས། དུས་ཆེན་གྱི་རྗེས་སུ། སློབ་གྲྭ་དང་ཚོང་ར་སོགས་མི་སྣ་འདུ་རུབ་བྱེད་ས་དང་འབར་རླངས་ཁྱབ་ཁོངས། ནགས་ཚལ་རྩྭ་སའི་ཁུལ་ཁོངས་ཀྱི་མེ་འགོག་སོགས་ལ་ཁ་ཕྱོགས་ནས། མེ་འགོག་བདེ་འཇགས་ཚན་རྩལ་ཁྱབ་གདལ་བརྙན་རིས་བཟོས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རིམ་པ་སོ་སོའི་སྲིད་གཞུང་གི་དྲ་ཚིགས། སྐད་འཕྲིན། འཁྱུག་དབྱངས་སོགས་འདྲེན་བྱེད་སྟེགས་བུ་བརྒྱུད་དེ། མེ་འགོག་བདེ་འཇགས་གསལ་འདེབས་སུམ་བརྒྱ་དང་ང་བརྒྱད་བཏང་ནས། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་དང་འཕྲལ་བསྟུན་ཉེན་གཡོལ་ནུས་པ་མཐོར་འདེགས་བཏང་། ཞིབ་བཤེར་ཁྲོད་རྙེད་པའི་མེ་འགོག་བདེ་འཇགས་ཉེན་ཁ་དང་མེ་འགོག་ཁྲིམས་འགལ་སྤྱོད་ཚུལ་ལ་བྱེད་ཐབས་སྤྱད་དེ་བཟོད་སྒོམ་སྤུ་ཙམ་ཡང་མ་བྱས།
རིན་ཆེན་མཚོས་བསྒྱུར།