མཚོ་སྔོན་གྱིས་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་སྤྱད་དེ་ལས་བྱེད་པས་གུང་སེང་གཏོང་དཀའ་བའི་གནད་དོན་ཐག་བཅད།
2024.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་གི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་པར་སེམས་ཁུར་བྱེད་པའི་སྐོར་གྱི་བྱེད་ཐབས་གཙོ་བོ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཟླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་གཏོང་བའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལས་བྱེད་པ་དང་ལས་བཟོ་པའི་གུང་སེང་གཏོང་བའི་ཁེ་དབང་ལ་འགན་སྲུང་བྱེད་ཆེད། རང་ཞིང་གིས་ལས་ཁུངས་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣས་ཟླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་གཏོང་བའི་ལམ་ལུགས་ལག་བསྟར་སྔར་ལས་མཐའ་འཁྱོལ་བྱེད་རྒྱུ་རེད།

གུང་སེང་གཏོང་དཀའ་བའི་གནད་དོན་ཐག་གཅོད་ཆེད། རང་ཞིང་གིས་ཆེད་དུ་ཡིག་ཆ་གཏན་འབེབས་པར་འགྲེམ་བྱས་པ་དང་། ཐབས་མང་མཉམ་སྤྱོད་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་གུང་སེང་གཏོང་བར་བཀོད་སྒྲིག་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གུང་སེང་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་པ། གུང་སེང་གཏོང་བའི་འཆར་གཞིར་གཅིག་འདོམས་བྱེད་པར་ཤུགས་སྣོན་པ། གཞི་རིམ་ལས་བྱེད་པས་གུང་སེང་གཏོང་བར་འགན་སྲུང་བྱེད་པ། གུང་སེང་གཏོང་མ་ཐུབ་པའི་ལས་བྱེད་པར་གླ་ཕོགས་སྟེར་བ་ཚད་ལྡན་དུ་བསྒྱུར་བ་བཅས་ཕྱོགས་ལྔའི་ཐད་ནས་བྱེད་ཐབས་སྤྱད་དེ། གུང་སེང་གཏོང་འོས་པའི་ལས་བྱེད་པ་དང་ལས་བཟོ་པ་ཚང་མས་གུང་སེང་གཏོང་ཐུབ་པར་བྱ་རྒྱུ་རེད།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་དང་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཟླ་ཕོགས་བླངས་ནས་ལོ་རེའི་གུང་སེང་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དེ་དུས་ཡུན་རིང་བོའི་བྱ་བ་གལ་ཆེན་དུ་བརྩི་བ། ལས་བྱེད་པ་དང་ལས་བཟོ་པའི་གུང་གསེང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆེད་མིའི་ཆེད་འགན་གཏན་ཁེལ་གསལ་བོ་བྱེད་པ། མི་སྒེར་གྱི་རེ་ཞུ་དང་གཅིག་འདོམས་བཀོད་སྒྲིག གླ་ཕོགས་སྟེར་བ། དོ་དམ་ལྟ་སྐུལ་སོགས་དུས་རིམ་དམ་འཛིན་བྱས་ནས། ལས་བྱེད་པ་དང་ལས་བཟོ་པར་སེམས་ཁུར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།