ཟླ2པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གསུམ་བརྒྱད་བུད་མེད་དུས་ཆེན་སྐབས་ཀྱི་བྱ་འགུལ་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕྲོ་རིམ་འཕྲོར་བརྗོད་དོན་སློབ་གསོ་བརྒྱད་སྤེལ་བ་དང་། རྒྱ་ཆེའི་བུད་མེད་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བུད་མེད་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།
གསུམ་བརྒྱད་བུད་མེད་དུས་ཆེན་སྐབས་སུ། ཏང་དང་མཉམ་དུ་བསྐྱོད་ལམ་གསར་བར་ཧུར་ཐག་གིས་ཞུགས་པ་དང་། བུད་མེད་ཀྱིས་དུས་རབས་གསར་བར་བྱས་རྗེས་འཇོག་པ་ཞེས་པའི་མཚོ་སྔོན་ཞིང་ཆེན་གྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་དང་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་དྲིལ་སྒྲོག་ཚོགས་འདུ་བསྡུས་ནས། 2023ལོའི་ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་དཔེ་བཟང་ཅན་དང་གསུམ་བརྒྱད་དར་དམར་འཛིན་མཁན། དར་དམར་ཐུན་མོང་བཅས་ལ་གཟེངས་བསྟོད་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཚོས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་། ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་རྒྱུའི་སྐུལ་སློང་གཏོང་རྒྱུ་རེད། ཁྱིམ་སློབ་གཅིག་མཐུན་ཚོགས་པ་བཙུགས་ནས། མཉམ་དུ་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའི་ཁྱིམ་ཚང་སློབ་གསོའི་སྤྱི་ཕན་འཆད་ཁྲིད་བསྡུ་བ་དང་། ཞིང་ཆེན་ཕྱི་ནང་གི་ཁྱིམ་ཚང་སློབ་གསོའི་ཆེད་མཁས་པ་གདན་ཞུ་བྱས་ནས། དྲ་ཐོག་ཡུལ་དངོས་ཀྱི་རྣམ་པ་སྤྱད་དེ། ཁྱིམ་བདག་གིས་བྱིས་པ་སྐྱེད་སྲིང་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བཟང་བོ་བྱེད་པ་དང་། བུ་ཕྲུག་ལ་སློབ་གསོ་གཏོང་བའི་འདུ་ཤེས་གསར་བར་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་རེད། དཔྱིད་དུས་བུད་མེད་ཀྱི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་པའི་བུད་མེད་སློབ་ཆེན་པར་ཁ་ཕྱོགས་ནས་ཡུལ་དངོས་མི་བསྡུ་ཞབས་ཞུ་སྤེལ་བ་དང་། ལས་སྐྲུན་ལས་ཞུགས་སྟེགས་བུ་འཛུགས་རྒྱུ་རེད། བུད་མེད་ཀྱི་ལས་སྐྲུན་སློབ་སྟོན་པའི་ཚོགས་པའི་འགོ་རྩོམ་པའི་མཛད་སྒོ་དང་བུད་མེད་སློབ་ཆེན་པའི་ལས་སྐྲུན་སྐུལ་སློང་འཁྲབ་བཤད་ཚོགས་འདུ་བསྡུ་བར་མ་ཟད། བུད་མེད་ལས་སྐྲུན་སློབ་སྟོན་པའི་ཚོགས་པའི་འཐུས་ཚབ་མི་སྣ་དྲུག་གདན་ཞུ་བྱས་ནས་ལས་སྐྲུན་གྱི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། ལས་སྐྲུན་བྱེད་འདོད་པའི་བུད་མེད་སློབ་ཆེན་པར་ཆེད་ལས་ཀྱི་མཛུབ་ཁྲིད་འདོན་སྤྲོད་བྱེད་རྒྱུ་རེད།
དེ་དང་མཉམ་དུ། བཅའ་ཁྲིམས་ཁྱིམ་ཚང་དུ་སྐྱེལ་བའི་མཛད་སྒོ་བསྡུ་བར་མ་ཟད། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གདན་ཞུ་བྱས་ནས། ཡུལ་དངོས་ནས་ཁྱིམ་གདུག་དང་དུག་འགོག་ལ་ངོ་རྒོལ་བྱེད་པ་དང་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་དྲིལ་སྒྲོག་སྤེལ་བ་དང་། ས་དེའི་བུད་མེད་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱའི་འཆད་ཁྲིད་བསྡུས་ཏེ། བུད་མེད་ཀྱི་འབྲས་སྐྲན་གཉིས་དང་བུད་མེད་ཀྱི་རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་ཤེས་བྱ་དང་ཉིན་རྒྱུན་གྱི་འཚོ་བའི་འགན་སྲུང་། བུད་མེད་ཀྱི་སེམས་ཁམས་བདེ་ཐང་གནད་དོན་དང་ཁ་གཏད་བྱེད་ཐབས་ཁྱབ་གདལ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།