ཟླ 2པའི་ཚེས28ཉིན། ཉིས་སྟོང་ཉེར་བཞི་ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་འབྲིང་སློབ་མའི་ཤེས་ལྡན་མི་སྣའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་མཛད་སྒོ་དང་དགེ་སློབ་ཐུག་འཕྲད་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་ནས་སྤེལ།
རྒྱུས་ལོན་བྱས་པ་ལྟར་ན། མཐོ་རིམ་སློབ་གྲྭའི་སྤུས་ལེགས་ཀྱི་ཚན་རྩལ་སློབ་གསོའི་ཐོན་ཁུངས་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭ་དང་སློབ་འབྲིང་མཉམ་འབྲེལ་སྒོས་ན་གཞོན་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཉིས་སྟོང་ཉེར་བཞི་ལོ་ནས་བཟུང་སློབ་འབྲིང་སློབ་མའི་ཚན་རྩལ་གསར་གཏོད་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་སྐྱེད་སྲིང་འཆར་གཞི་རྩ་འཛུགས་དང་ལག་བསྟར་བྱས། ཉིས་སྟོང་ཉེར་བཞི་ལོར་མཚོ་སྔོན་ཞིང་ཆེན་གྱི་སློབ་འབྲིང་སློབ་མའི་ཤེས་ལྡན་མི་སྣའི་འཆར་གཞིར་སྤྱོད་པ་གཙང་ལ་སྦྱང་འབྲས་ལེགས་པ། སློབ་པར་སྤྲོ་བའི་སློབ་འབྲིང་སློབ་མ་ཉི་ཤུ་བདམས་ནས་མཚོ་སྔོན་སློབ་ཆེན་ལ་བསྐྱོད་པ་དང་། དེར་རང་བྱུང་ཚན་རིག་གི་རྨང་གཞིའི་བསླབ་ཚན་ཁྱབ་ཁོངས་ཀྱི་ཚན་རིག་པ་གྲགས་ཅན་གྱི་མཛུབ་སྟོན་འོག་ཚན་རིག་ཞིབ་འཇུག་དང་། རིག་གཞུང་བགྲོ་གླེང་། ཚན་རིག་ཞིབ་འཇུག་ལག་ལེན་ལ་ཞུགས་ཏེ། སློབ་འབྲིང་སློབ་མར་དགེ་རྒན་མིང་གྲགས་ཅན་གྱི་གཟི་ཉམས་མཐོང་དུ་བཅུག་པ་དང་། ཚན་རྩལ་ཞིབ་འཇུག་གི་བརྒྱུད་རིམ་ཉམས་ལེན། ཚན་རིག་ལ་མོས་པ་བསྐྱེད་པར་བྱས་ནས། གསར་གཏོད་ཀྱི་ནུས་པ་མཐོར་འདེགས་དང་ཚན་རིག་གི་བློ་སྦྱོང་བསྐྱེད། དེར་བསྟུན་ནས་བསླབ་ཚན་གྱི་ལེགས་ཆ་ལྡན་ལ་གསར་གཏོད་ཀྱི་སྦས་ཤུགས་ལྡན་པའི་ཕུལ་བྱུང་གི་སློབ་འབྲིང་སློབ་མ་མཐོང་ཞིང་། རྨང་གཞིའི་བསླབ་ཚན་གྱི་སློབ་མ་རྩེ་གྲས་སྐྱེད་སྲིང་འཆར་གཞིར་རྗེས་གྲབས་སྟོབས་ཤུགས་འདོན་སྤྲོད་བྱས་པར་མ་ཟད། སློབ་འབྲིང་སློབ་གསོ་དང་སློབ་ཆེན་སློབ་གསོ་འབྲེལ་མཐུད་ལ་སྐུལ་འདེད་དང་། མཐོ་རིམ་སློབ་གྲྭ་དང་སློབ་འབྲིང་མཉམ་འབྲེལ་སྒོས་ན་གཞོན་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ནུས་ལྡན་རྣམ་པ་བསྐྲུན་ནས། ན་གཞོན་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་འབྱུང་བ་དང་འཚར་ལོངས་འབྱུང་བར་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཡོད།
ལྷ་མོ་འཚོས་བསྒྱུར།