མཚོ་སྔོན་ཞིང་ཆེན་གྱིས2024ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས།
2024.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་སྡེ་ཁག་བཅུ་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་ནས་མཚོ་སྔོན་ཞིང་ཆེན་གྱི2024ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས།

ད་ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱིས་ལས་རྐང་སྐྱེལ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གནད་ཕིགས་ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་བརྗོད་དོན་དུ་བྱས་པ་དང་། ཐེངས་འདིའི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་ཀྱིས་མི་ཚོགས་མི་འདྲ་བའི་ལས་ཞུགས་དགོས་མཁོ་ལྟར། སོ་སོར་གཙོ་གནད་ཁེ་ལས་དང་ཞིང་ཆེན་ཕྱིའི་ངལ་རྩོལ་མཉམ་ལས། དམག་ཁུངས་ནས་ཕྱིར་བུད་པའི་དམག་མི། བུད་མེད་ལས་འཚོལ་སོགས་ཆེད་ཁུལ་བཅུ་གཅིག་བཙུགས་ནས། ངལ་རྩོལ་ཚོང་རྟགས་འགྲེམ་སྟོན་དང་ཐད་གཏོང་ལས་ལས་རྐང་ངོ་སྤྲོད་བྱེད་པ། སྲིད་ཇུས་དྲིལ་སྒྲོག་སོགས་ཞབས་ཞུ་བསྒྲུབས་པ་དང་། དེ་ནི་རང་ཞིང་གི་དཔྱིད་རླུང་འགུལ་སྐྱོད་ཀྱི་མུ་འབྲེལ་བྱ་འགུལ་ཁྲོད་ཀྱི་གཞི་ཁྱོན་ཆེས་ཆེ་བ་ཡིན་ལ། མི་བསྡུ་ཁེ་ལས་དང་ལས་འཚོལ་མི་ཚོགས་ཞུགས་ཚད་ཆེས་མང་བ་དང་། སྲིད་ཇུས་དང་ཞབས་ཞུ་ཆེས་གཅིག་བསྡུས་ཡིན་པ་དང་ཕྱོགས་ཡོངས་ཀྱི་མི་བསྡུ་བྱ་འགུལ་ཞིག་རེད། བྱ་འགུལ་གྱི་ཉིན་མོར། བསྡོམས་པས་ཞིང་ཆེན་ཕྱི་ནང་གི་མི་བཀོལ་སྡེ་ཁག་བཞི་བརྒྱ་དང་སོ་གཅིག་དང་མི་བསྡུ་གྲོས་ཚོགས་ལ་ཞུགས་པ་དང་། ལས་ཞུགས་ལས་རྐང་ཁྲི་གཅིག་དང་སྟོང་བརྒྱད་ལྷག་འདོན་སྤྲོད་བྱས་ལ། ལས་འཚོལ་མི་སྣ་ཁྲི་གཉིས་ཙམ་མི་བསྡུ་གྲོས་ཚོགས་ལ་ཞུགས་ནས། མི་སྟོང་ལྔ་དང་བརྒྱད་བརྒྱས་ལས་ཞུགས་འདོད་བློའི་གྲོས་མཐུན་བཀོད།

དཔྱིད་རླུང་འགུལ་སྐྱོད་ཀྱི་ཆེད་དོན་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མི་བཀོལ་སྡེ་ཁག་དང་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དགོས་མཁོའི་མཁོ་འདོན་སྣེ་གཙིགས་སུ་བཟུང་བ་དང་། སྟེགས་བུ་དང་ཟམ་པ་བཙུགས་ཏེ། ཕྱོགས་ཡོངས་ཀྱི་སྤྱི་ཐུན་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས། འཚམས་འདྲི་བརྟག་བཤེར་སྤེལ་བ་དང་། ཕྱོགས་མང་པོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་བློ་དང་གསོ་སྦྱོང་དགོས་མཁོའི་བརྟག་བཤེར་སྤེལ་ནས། ཕྱིར་བགྲོད་ལས་ཞུགས་འདོད་བློ་དང་རྩལ་ནུས་གསོ་སྦྱོང་དགོས་མཁོའི་གསལ་ཁྲ་བཙུགས། ལས་རིགས་དང་ཁྱབ་ཁོངས་བགོ་བ་དང་རིམ་ཚད་མཐོ་བའི་ཆེད་དོན་མི་བསྡུ་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཐུན་ལས་ཞུགས་མི་བསྡུ་ཞབས་ཞུའི་སྟེགས་བུ་སོགས་ཡུལ་གནས་དྲ་ཐོག་གི་སྟེགས་བུ་ལ་རྒྱབ་རྟེན་ནས་ལས་རྐང་ཁྱབ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ལ། དྲ་ཐོག་མི་བསྡུ་དང་དྲ་ཐོག་ནས་ལས་རྐང་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་མཁར་གྲོང་གི་ངལ་རྩོལ་པར་ཆ་འཕྲིན་ངོ་སྤྲོད་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་བསྡུ་ལས་འཚོལ་གྱི་གནད་ཕིགས་སྡེབས་སྒྲིག་ལ་སྐུལ་འདེད་བཏང་། ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་བ་དང་། དཔྱིད་རླུང་འགུལ་སྐྱོད་ཀྱི་མུ་འབྲེལ་བྱ་འགུལ་རྒྱུན་མཐུད་ངང་བཟང་བོར་སྤེལ་ནས། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་ཆེད་ནུས་པ་གལ་ཆེན་བཏོན།

རིན་ཆེན་མཚོས་བསྒྱུར།