མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཁངས་དར་གཙང་སེལ་བྱས་ནས་གེགས་མེད་ཤར་བགྲོད་ལ་འགན་སྲུང་བྱས།
2024.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ། མཚོ་སྔོན་གྱིས་ས་ཁུལ་མང་ཆེ་ཤས་སུ་ཁངས་ཆེན་པོ་བབས་པས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་བགྲོད་ལམ་བརྒྱ་དང་ཉི་ཤུ་ལྷག་ཏུ་དར་ཆགས་ཏེ། མང་ཚོགས་ཀྱི་ཕྱིར་བགྲོད་བདེ་འཇགས་ལ་གནོད་པ་ཐེབས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་མྱུར་དུ་འགུལ་སྐྱོད་བྱས་ནས། ཕྱོགས་ཡོངས་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་གནམ་གཤིས་ངན་པའི་འཕྲལ་བསྟུན་ཐད་གཅོད་ཇུས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཞུང་ལམ་གཙོ་བོ་དང་ཞིང་སྡེའི་གཞུང་ལམ་གྱི་བདེ་འཇགས་གེགས་མེད་ལ་འགན་སྲུང་བྱས།

མཚོ་སྔོན་གྱི་རིམ་པ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབད་འཐབ་བྱས་པ་དང་། ཞིང་སྡེའི་གཞུང་ལམ་སྟེང་ཁངས་བབས་ནས་དར་ཆགས་པའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས། ལམ་དཔོན་ལམ་ལུགས་ཀྱི་བྱ་བའི་རྐྱེན་སྲོལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། མི་དང་འཕྲུལ་ཆས་ཟུང་འབྲེལ་བྱེད་པ་དང་འཕྲུལ་ཆས་གཙོར་འཛིན་པ། མིས་གཞོགས་འདེགས་བྱེད་པའི་བྱ་བའི་རྣམ་པ་སྤྱད་དེ། ཡུལ་ཚོའི་སྲིད་གཞུང་དང་གསོ་སྐྱོང་། ལམ་སྲིད་སོགས་སྡེ་ཁག་དང་ས་དེའི་མང་ཚོགས་ལ་མཉམ་འབྲེལ་བྱས་ནས། བཀག་རྒྱ་ཐེབས་པའི་ལམ་མཚམས་ཀྱི་ཁངས་དར་གཙང་སེལ་བྱས། རྫོང་དང་ཡུལ་ཚོའི་གཞུང་ལམ་དང་སྡེ་བའི་གཞུང་ལམ་གྱི་ལམ་ཁ་དང་ལམ་ཀྱོག་རི་གཟར་སོགས་ལམ་མཚམས་སུ་མི་དང་འཕྲུལ་ཆས་ཟུང་འབྲེལ་སྒོས་ཁངས་ཕྱགས་དར་སེལ་བྱས་ཏེ། ནུས་པ་ལྡན་པ་དང་གོ་རིམ་ལྡན་པའི་ངང་བདེ་འཇགས་གེགས་མེད་ཡོང་བར་བྱས།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཞུང་ལམ་གཙོ་བོ་དང་ཞིང་སྡེའི་གཞུང་ལམ་གྱི་ཁངས་ཕྱགས་གེགས་མེད་ཤར་བགྲོད་བྱ་བའི་ཐད་ནས་བསྡོམས་པས་མི་སྟོང་གཅིག་དང་དགུ་བརྒྱ་བཅུ་བཞི་དང་། འཕྲུལ་ཆས་ཉིས་བརྒྱ་དང་བཅུ་གཉིས་བཀོད་སྒྲིག་བྱས་པ་དང་། འདྲེད་འགོག་བྱེད་སྤྱད་ཏུན་བརྒྱད་བརྒྱ་བཅུ་དགུ་དང་གངས་ཞུ་སྤྱོད་རྫས་ཏུན་ཉིས་བརྒྱ་བཀྲམས་ནས། དར་ཆགས་ལམ་མཚམས་སྤྱི་ལེ་སྟོང་གཉིས་དང་སུམ་བརྒྱ་ང་གཅིག་གི་དར་གཙང་སེལ་བྱས།

རིན་ཆེན་མཚོས་བསྒྱུར།