མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་སྟོབས་ཆེར་གཏོང་བར་རོགས་སྐྱོར་བྱས།
2024.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་གསར་འགོད་པས་མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དངུལ་རྩའི་ཞབས་ཞུ་ཚོགས་པའི་དཔལ་འབྱོར་ཕན་ནུས་ཆེ་རུ་གཏོང་ཆེད། མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་སྡེ་ཁག་བརྒྱད་དང་མཉམ་འབྲེལ་བྱས་ནས《དངུལ་རྩའི་རྒྱབ་སྐྱོར་ཆེ་རུ་བཏང་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་སྟོབས་ལྡན་དུ་གཏོང་བར་རོགས་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམ་བྱས་པ་དང་། དམངས་གཉེར་དཔལ་འབྱོར་གོང་འཕེལ་སྟོབས་ལྡན་དུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཉེར་གསུམ་བཏོན་ལ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་དམངས་གཉེར་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་བྱེད་པར་མུ་མཐུད་དུ་ཁྲིད་སྟོན་བྱས།

《བསམ་འཆར》ལས། དམངས་གཉེར་དཔལ་འབྱོར་གྱི་ཡིད་རྟོན་དངུལ་བུན་ཐོན་ཁུངས་དངུལ་གཏོང་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། དངུལ་རྩའི་ལས་ཁུངས་སོ་སོས་དམངས་གཉེར་ཁེ་ལས་ཀྱི་ལོ་འཁོར་ཞབས་ཞུའི་དམིགས་འབེན་གཏན་འབེབས་བྱེད་པར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས་པར་མ་ཟད། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་དང་འཕར་ཚད། ཟིན་ཚད་མཐོར་འདེགས་བྱེད་དགོས་ལ།  ཚན་རྩལ་གསར་གཏོད་དང་ཆེད་ལེགས་ཁྱད་གསར། ལྷད་མེད་ཐཱན་ཉུང་། ཐོན་ལས་རྨང་གཞིའི་བསྐྱར་བཟོའི་ལས་གཞི་སོགས་ཁྱབ་ཁོངས་གཙོ་བོས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་མ་རྩ་བསྡུ་འགུག་དགོས་མཁོ་བསྐང་དགོས་པར་མ་ཟད། མ་རྩ་བསྡུ་འགུག་གི་མ་གནས་ཕན་ཡོད་སྒོས་ཇེ་དམའ་རུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱིས་བུན་འཛིན་ཁྲོམ་རར་མ་རྩ་བསྡུ་འགུག་བེད་སྤྱོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས་སྤུས་ལེགས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་རྐང་དབང་མ་རྩ་བསྡུ་འགུག་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་དེ། དམངས་གཉེར་ཁེ་ལས་ཀྱི་ཕྱི་དངུལ་སྟབས་བདེ་ཅན་གྱི་སྲིད་ཇུས་དང་ཞབས་ཞུའི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ་དང་། སྤུས་ལེགས་དམངས་གཉེར་ཁེ་ལས་ཉོ་ཚོང་གི་ཕྱི་དངུལ་ཡོང་འབབ་དང་འགྲོ་སྒོའི་སྟབས་བདེ་ཅན་ཀྱི་ཚོད་ལྟ་བྱེད་སའི་ཁྱབ་ཁོངས་དང་སྲིད་ཇུས་ཀྱི་ཁེ་སྤོགས་ཁེབས་ཚད་རྒྱ་བསྐྱེད་དགོས་པ་དང་། མངའ་ཁོངས་ཕྱི་ནང་གི་ཁྲོམ་ར་བེད་སྤྱོད་བྱས་ནས་མ་གནས་དམའ་བའི་མ་དངུལ་ནང་འདྲེས་པ་དང་མ་རྩ་བསྡུ་འགུག་གི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ལ། སྲིད་ཇུས་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་ཁག་ཐེག་མཉམ་འགུལ་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དམངས་གཉེར་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་ཕྱི་དངུལ་དུས་བཅད་གནས་ཐང་ལ་འགན་ལེན་བྱེད་པའི་མ་གནས་ཇེ་དམའ་རུ་གཏོང་དགོས་པ་བཅས་གསལ་བོར་བཏོན།

《བསམ་འཆར》ལས་དངུལ་རྩའི་ཞབས་ཞུའི་དམངས་གཉེར་དཔལ་འབྱོར་གྱི་དྲང་ཕྱོགས་སྐུལ་སློང་ཤུགས་ཆེར་གཏོང་བ་དང་། ས་གནས་ཁྲིམས་མིའི་དངུལ་རྩའི་ལས་ཁུངས་ཀྱིས་ཁྱབ་ཁོངས་གཙོ་བོའི་དམངས་གཉེར་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གཏོང་འཇོག་ལ་རྒྱབ་སྐྱོར་བྱས་ནས་དངུལ་བུན་བསྐྱར་མའི་གྲངས་ཚད་སྒོར་དུང་ཕྱུར་ཉི་ཤུ་དང་བསྐྱར་མའི་གྲངས་ཚད་སྒོར་དུང་ཕྱིར་ཉི་ཤུ་ཟུར་དུ་བཀོད་ནས་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་མ་རྩ་བསྡུ་འགུག་སོགས་ལ་རྒྱབ་སྐྱོར་བྱེད་པར་ཆེད་སྤྱོད་བྱེད་དགོས། སྡེ་ཁག་སོ་སོའི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་སྲིད་ཇུས་དང་ཐོན་ལས་སྲིད་ཇུས་ཀྱི་དྲིལ་བསྒྲགས་ནུས་ཤུགས་འདོན་དགོས། སྤུས་ལེགས་ཀྱི་དམངས་གཉེར་ཁེ་ལས་མིང་ཐོ་བཙུགས་ནས་རྒྱབ་སྐྱོར་ལས་དོན་གནད་འཕིགས་ཀྱི་ངང་ནས་མཐུད་སྦྲེལ་ཡག་པོ་སྒྲུབ་དགོས་ལ། དུས་བཀག་ནང་དམངས་གཉེར་དང་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཁྲིད་ཕྱོགས་ཕན་འབྲས་དཔྱོད་དཔག་བྱེད་པའི་ལས་དོན་སྤེལ་ནས་སྲིད་ཇུས་དོན་འཁྱོལ་གྱི་སྤུས་ནུས་ཆེ་རུ་གཏོང་དགོས།

དངོས་སྦྱོང་སློབ་མ་ཕུར་བུ་ཚེ་རིང་གིས་བསྒྱུར།