ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔལ་ཡོན་ལག་ལེན་ལག་བསྟར་བྱེད་ཅེས་པའི་བརྗོད་དོན་བྱ་འགུལ་ཟི་ལིང་ནས་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་དང་། ཞིང་ཆེན་ན་གཞོན་དང་བླངས་པའི་མཛུབ་སྟོན་ལྟེ་གནས། ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས།
འགོ་རྩོམ་མཛད་སྒོའི་ཐོག་ནས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔལ་ཡོན་ལག་ལེན་ལག་བསྟར་བྱེད་པའི་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས་ནས་སྨན་པའི་བློ་ཁ་ཏང་ལ་འཁོར་ནས་བདེ་ཐང་སྲུང་སྐྱོབ་བྱེད་ཅེས་པའི་དང་བླངས་ཞབས་ཞུ་རུ་ཁག་དང་། ལས་ཞུགས་དང་བླངས་ཞབས་ཞུ་རུ་ཁག འཕྲལ་བསྟུན་གདོང་ལེན་དང་བླངས་ཞབས་ཞུའི་རུ་ཁག སྲིད་ཁྲིམས་འགེབས་སྲུང་དང་བླངས་ཞབས་ཞུ་རུ་ཁག མང་ཚོགས་སྒྱུ་རྩལ་ན་གཞོན་རིག་གནས་དང་བླངས་ཞབས་ཞུ་རུ་ཁག དཔེ་ཆའི་དྲི་བསུང་ཐུལ་བའི་ནུབ་ཁུལ་ཅེས་པའི་དཔེ་ཀློག་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག མང་ཚོགས་ཚོགས་པའི་མེ་སྟག་རོགས་སྐྱོར་དང་བླངས་ཞབས་ཞུ་རུ་ཁག གཅིག་སེམས་གཅིག་སྒྲིལ་དང་བླངས་ཞབས་ཞུ་རུ་ཁག་བཅས་དང་བླངས་ཞབས་ཞུ་རུ་ཁག་བརྒྱད་ལ་དར་ཆ་གནང་། ཅི་བསམ་དོན་འགྲུབ་ཅེས་པ་ཞབས་བྲོ་དང་གནམ་མཐའི་ལྗང་མདོག་དེའི་ཆེད་དུ་ཞེས་པའི་དངོས་མཚོན་ཟློས་གར་སོགས་ངོ་མཚར་བའི་ལྟད་མོ་སྣ་ཚོགས་རེས་མོས་བཞིན་འཁྲབ་སྟོན་བྱས། བྱ་འགུལ་སྤེལ་ཡུལ་གྱི་དང་བླངས་ཞབས་ཞུ་ཁུལ་དུ་སྤྱི་ཕན་ཞབས་ཞུའི་སྒྲོམ་སྟེགས་སྣ་ཚོགས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་མིག་ཤུགས་སྲུང་སྐྱོབ་དང་ཁྲག་ཤེད་བརྟག་དཔྱད། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་སྣ་མང་ཅན་གྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།
ཉིན་དེར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཀྱང་སྣ་མང་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་པའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔལ་ཡོན་ལག་ལེན་ལག་བསྟར་བྱེད་པའི་བརྗོད་དོན་བྱ་འགུལ་གཅིག་རྗེས་གཉིས་མཐུད་ངང་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་སྤེལ་བའི་སྐབས་སུ་ཞིང་ཆེན་ཡོངས་ཀྱིས་རིམ་པ་བཞིན་དྲོད་ཁོལ་སྐྱེལ་ནས་དམངས་སེམས་གསོ་ཞེས་པ་དང་། གཞིས་སྲུང་བྱིས་པར་གཅེས་སྐྱོང་བྱེད་པའི་འགུལ་སྐྱོད། ཁེར་འདུག་བགྲེས་པོར་གཅེས་སྐྱོང་བྱེད་པའི་འགུལ་སྐྱོད། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བརྗོད་དོན་དཔྱད་གླེང་འགྲན་བསྡུར། དང་བླངས་ཞབས་ཞུ་སོགས་ཀྱི་དཔལ་ཡོན་ལག་ལེན་གྱི་བརྗོད་དོན་བྱ་འགུལ་སྤེལ།
དངོས་སྦྱོང་སློབ་མ་ཕུར་བུ་ཚེ་རིང་གིས་བསྒྱུར།