ཉིན་འགའི་སྔོན་ལ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བའི་ལག་བསྟར་ཇུས་གཞི་དཔར་འགྲེམས་བྱས་པ་དང་། 2024ལོའི་ཟླ3པ་ནས་ཟླ12བར་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས་རིག་གནས་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ལ་དམིགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་དང་སྤུས་ལེགས་ཐོན་རྫས་ཀྱི་ཐོན་ཁུངས་དང་ས་གཤིས་ཁྱད་རྟགས་ལ་ཞིབ་བཤེར་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས་སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱའི་བདག་དབང་གི་ཞིབ་བཤེར་དང་གྱོད་དོན་སྒྲུབ་པའི་ཐད་ཀྱི་ཕན་འབྲས་མཐོར་འདེགས་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་བྱའི་བདག་དབང་ལ་ཞིབ་བཤེར་དང་སྲུང་སྐྱོབ་བྱེད་པའི་ཚོང་རྟགས་བསྐྲུན་ཏེ་རང་རེའི་ཞིང་ཆེན་གྱི་གསར་གཏོད་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ་སྤུས་ཚད་བཟང་བའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱས།
ཆེད་དོན་འགུལ་སྐྱོད་དེར་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་སྡོམ་དང་མཐོར་འདེགས་གཏོང་བ་བཅས་ཁག་གསུམ་དུ་བགོས་ཡོད་ལ། བྱེ་བྲག་གི་བྱེད་ཐབས་ལྔ་གཏན་ཁེལ་བྱས་ཡོད། གཅིག་ནི་ཤེས་བྱའི་བདག་དབང་དང་འགལ་བའི་ནག་ཉེས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་། རང་རེའི་ཞིང་ཆེན་གྱི་རེབ་གོང་རིག་གནས་དང་ས་གདན། མཚོ་སྔོན་གྱི་གཙགས་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས། ཚྭ་འདམ་གཞོང་གི་འཕང་འབྲས་དང་སྟོང་སྐོར་སྐྱུར་ཁུ། ནས་ཆང་། ཕྱུགས་ལས་ཐོན་རྫས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཐོན་ཁུངས་དང་ས་གཤིས་ཁྱད་ཆོས། དྲ་ལམ་གཉེར་ཚོང་། ཐད་གཏོང་ལམ་ནས་ཚོང་རྒྱག་པ་སོགས་ཀྱི་ལས་རྣམ་གསར་བ་དང་ཁུལ་ཁོངས་གསར་བར་དམིགས་ནས་དམངས་ཚིས་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་དང་འགལ་བའི་ནག་ཉེས་ཁྲིམས་ལྟར་བཅོས་སྐྱོང་ནན་མོ་བྱེད་དགོས། གཉིས་ནི་ཤེས་བྱའི་བདག་དབང་གི་དམངས་དོན་ལ་ཆེད་དོན་ལྟ་རྟོག་ཞིབ་མོ་བྱས་ནས་ཀྲུང་ལུགས་བོད་ལུགས་གསོ་རིག་གི་སྨན་བཅོས་ཐོན་རྫས་དང་ཐབས་ལམ། ཁྱད་ལྡན་བཅོས་ཐབས་སོགས་ཀྱི་ཤེས་བྱའི་བདག་དབང་ལ་ཆེད་དོན་ལྟ་རྟོག་བྱས་ནས་ཤེས་བྱའི་བདག་དབང་ཐད་ངན་སེམས་བཟུང་ནས་གཏུག་བཤེར་བྱེད་པའི་སྐོར་གྱི་ཆེད་དོན་ལྟ་རྟོག་རྒྱུན་རྣམ་ཅན་དུ་གཏོང་དགོས་ལ། དམངས་དོན་གྱོད་གཞིའི་མགོ་ཁུངས་ལ་ལྟ་རྟོག་བྱེད་པ་གེགས་མེད་དུ་བཏང་ནས་ལྟ་རྟོག་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། གསུམ་ནས་ཤེས་བྱའི་བདག་དབང་གི་སྲིད་འཛིན་ཆེད་དོན་ལྟ་རྟོག་ལ་སྐུལ་འདེད་ནན་མོ་བཏང་ནས་གཙོ་བོར་མི་དམངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཐད་ཀྱི་སྲིད་འཛིན་ཤན་དབྱེད་ལྟ་རྟོག་ལ་ཤུགས་སྣོན་དགོས། བཞི་ནས་ཤེས་བྱའི་བདག་དབང་གི་སྤྱི་ཕན་གཏུག་བཤེར་གོ་རིམ་ལྡན་པའི་ངང་སྤེལ་ནས་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཁྱབ་ཁོངས་ལ་གཞི་བཅོལ་ནས་རང་རེའི་ཞིང་ཆེན་གྱི་ས་གཤིས་ཁྱད་ཆོས་དང་ཚོང་རྟགས་ཐོ་འགོད་བྱེད་པ། སྲོལ་རྒྱུན་རིག་གནས། དམངས་ཁྲོད་སྒྱུ་རྩལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཤེས་བྱའི་བདག་དབང་ཐད་ཀྱི་སྤྱི་ཕན་གཏུག་བཤེར་གོ་རིམ་ལྡན་པའི་ངང་སྤེལ་དགོས། ལྔ་ནས་ཞབས་ཞུ་རང་བཞིན་གྱི་རིག་གནས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱས་ནས་གློག་བརྙན་དང་དཔེ་དེབ། རོལ་དབྱངས་སོགས་སྲོལ་རྒྱུན་རིག་གནས་ཁྱབ་ཁོངས་ཀྱི་རྩོམ་མཁན་གྱི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་རྩོམ་མཁན་གྱི་བདག་དབང་དང་འགལ་བར་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་དམངས་དོན་སྲིད་སྐྱོང་གི་ཞུ་གཏུག་གི་ལྟ་རྟོག་ཤུགས་ཚད་ཇེ་ཆེར་བཏང་།
མི་ཕམ་མགོན་པོས་བསྒྱུར།