ཉེ་སྔོན། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན་སོགས་སྡེ་ཁག་བཅུ་དྲུག་གིས་མཉམ་འབྲེལ་སྒོས་ཞིང་སྡེ་འབྲོག་ཁུལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ལ་འཕྲད་པའི་བྱིས་པའི་གཟིགས་སྐྱོང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། 2024ལོའི་ཚུན་དུ། ཞིང་སྡེ་འབྲོག་ཁུལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ལ་ཐུག་པའི་བྱིས་པའི་གཟིགས་སྐྱོང་ཞབས་ཞུ་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་སྤེལ།
འགུལ་སྐྱོད་ཇུས་གཞི་ལྟར་ན། རྗེས་ཕྱོགས་ཀྱི་ལོ་གསུམ་ནང་། རང་ཞིང་གིས་བསམ་པའི་བློ་སྦྱོང་མཐོར་འདེགས་གཏོང་བ་དང་ལྟ་སྐྱོང་སྤུས་ཚད་མཐོར་འདེགས་གཏོང་བ། གནད་ཕིགས་རོགས་སྐྱོར་བྱེད་པ། བདེ་འཇགས་འགོག་སྲུང་བྱེད་པ། སེམས་ཁམས་གཟིགས་སྐྱོང་བྱེད་པ། གཞི་རྩ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཆེད་དོན་འགུལ་སྐྱོད་དྲུག་དང་གཙོ་གནད་ལས་འགན་ཉེར་བཞི་ལག་བསྟར་བྱེད་པ་དང་། གཟིགས་སྐྱོང་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ལ་ཐུག་པའི་བྱིས་པའི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ། སྲུང་སྐྱོབ་ཐོབ་པའི་དབང་ཆ། ཟབ་ཞུགས་དབང་ཆ་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་རྒྱུ་རེད།
ཇུས་གཞིའི་ནང། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། ཞིང་སྡེ་འབྲོག་ཁུལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ལ་ཐུག་པའི་བྱིས་པའི་གཟིགས་སྐྱོང་ཞབས་ཞུའི་མ་དངུལ་གྱི་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེར་བཏང་སྟེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགུལ་སྐྱོད་ལག་བསྟར་གནས་ཚུལ་ལ་རྗེས་འདེད་ལྟ་ཞིབ་དང་མཉམ་འབྲེལ་ལྟ་ཞིབ་བྱེད་དགོས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ཁག་ལ་ཐུག་པའི་བྱིས་པར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།