ཟླ3པའི་ཚེས7ཉིན། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་འགོག་གི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ18ཀྱི་སྡེ་བ270ལ་སྤྱིའི་རིན་ཐང་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཁྲི་གཉིས་ལྷག་གི་ལག་སྒྲོན་དང་ཆར་ལྭ། ཆུ་ལྷམ་སོགས་འཕྲལ་བསྟུན་གསོག་འཇོག་དངོས་རྫས་རིགས12བྱིན།
ཤེས་རྟོགས་བྱུང་བ་ལྟར་ན་ད་ཐེངས་བྱིན་པའི་དངོས་རྫས་དེ་གཙོ་བོ་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་ཁག་གི་འཕྲལ་བསྟུན་དངོས་རྫས་གྲབས་གསོག་ལ་ཤུགས་སྣོན་པ་དང་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་སྒྲུབ་སྟེ། ཧུའུ་ཀྲུའུ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་ཁག་གི་འཕྲལ་བསྟུན་བཀོད་འདོམས་དང་། སྔོན་གཏོང་ཉེན་བརྡ། བབ་བསྟུན་ཐག་གཅོད། བྲེལ་མྱུར་ཉེན་གཡོལ་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་ནས། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་བབ་བསྟུན་འཛུགས་སྐྲུན་བྱེད་ནུས་སྔར་ལས་ཇེ་ཆེར་བཏང་སྟེ། རྫོང་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་བབ་བསྟུན་རོགས་སྐྱོབ་མ་ལག་བཙུགས་ནས། ཉེན་ཁའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་འོས་འཚམ་འཇལ་བའི་ཐད་བཀོལ་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། ཧུའུ་ཀྲུའུ་རྫོང་གིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་འཕྲལ་བསྟུན་དངོས་རྫས་གྲབས་གསོག་བྱ་རྒྱུར་རྒྱུན་མཐུད་ངང་ཤུགས་བསྣན་ནས་གཞི་ཁྱོན་འོས་འཚམ་དང་། གྲུབ་ཚུལ་ལུགས་མཐུན།དོ་དམ་ཚན་རིག་དང་མཐུན་པ། འཁོར་སྐྱོད་ནུས་མཐོ་བཅས་ཀྱི་འཕྲལ་བསྟུན་དངོས་རྫས་གྲབས་གསོག་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ཐོལ་བྱུང་དོན་རྐྱེན་འབྱུང་སྐབས་འཕྲལ་བསྟུན་གྱི་དངོས་རྫས་འདང་ངེས་གྲ་སྒྲིག་བྱེད་པ་དང་། བེད་སྤྱོད་བྱེད་པར་འགན་སྲུང་བྱས་ནས་རྫོང་ཁོངས་ཀྱི་འཕྲལ་བསྟུན་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། བདེ་འཇགས་ཀྱི་མཐའ་ཚད་སྲུང་ཡོད།
དངོས་སྦྱོང་སློབ་མ་རྣམ་རྒྱལ་མཚོས་བསྒྱུར།