མཚོ་སྔོན་ཞིང་ཆེན་གྱིས་ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་ཀྱི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་པར་འགྲེམ་བྱས།
2024.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཆུའི་ཐོན་ཁུངས་ཀྱི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས་ཤིང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་ཕྱིར་ལྡོག་བསམ་འཆར་དང་དག་ཐེར་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ནས་ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་བར་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ་ཚྭ་འདམ་གཞོང་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ལྡན་གྱི་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

《བསམ་འཆར》ལས་ཚྭ་འདམ་གཞོང་སའི2025ལོའི་ཆུ་བཀོལ་སྤྱི་གྲངས་དང་ཆུ་སྤྱོད་ལས་ཆོད། རྒྱུན་སྲོལ་མིན་པའི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་སོགས་བྱེ་བྲག་གི་དམིགས་འབེན་དང་། 2030ལོའི་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་དང་བདེ་འཇགས་དང་གྲོན་ཆུང་གི་བེད་སྤྱོད་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་ལ། ཆུ་བེད་སྤྱོད་བྱེད་མཁན་གྱིས་ཁྲིམས་བཞིན་ཆུ་སྤྱོད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་སོགས་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་ལེགས་པོ་བྱུང་པ་མ་ཟད། ཆུའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཆུ་དང་མཚེའུའི་སྐྱེ་ཁམས་གནས་བབ་ལ་ལེགས་བཅོས་མངོན་གསལ་ཐོབ་པ་སོགས་ཀྱི་ཡུན་རིང་དམིགས་ཡུལ་གཏན་འཁེལ་གསལ་བོ་བྱས་ཡོད། དེའི་ནང་གཙོ་བོ་ཚན་རིག་ཀྱི་ལྟར་ཆུའི་ཐོན་ཁུངས་ལ་བཀོད་སྒྲིག་བྱེད་པ་དང་ཆུའི་ཐོན་ཁུངས་དོ་དམ་ནན་མོ་བྱེད་པ། ཕྱོགས་ཡོང་ནས་ཆུའི་ཐོན་ཁུངས་གྲོན་ཆུང་བྱེད་པ། ཆུའི་ཐོན་ཁུངས་ལ་ནུས་ལྡན་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ལས་འགན་ཆེ་བ་ཁག་བཞི་དང་ཆུང་བ་ཁག་བཅུ་གཉིས་ཚུད་ཡོད།

དངོས་སྦྱོང་སློབ་མ་ཕུར་བུ་ཚེ་རིང་གིས་བསྒྱུར།