ཟླ3པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྲིད་ཇུས་ཀྱི་འདོན་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་འགྲེམ་སྤེལ་དང་ལག་བསྟར་བྱས། བྱེད་ཐབས་གཏན་འབེབས་བྱེད་པའི་བརྒྱུད་རིམ་ཁྲོད། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། གཅིག་གྱུར་རང་བཞིན། གནད་འཁེལ་རང་བཞིན་དང་། མཐུན་སྦྱོར་རང་བཞིན་གྱི་རྩ་དོན་གསུམ་ལ་དོ་སྣང་དང་དམ་འཛིན་བྱས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་རང་ངོས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་གཉིས་ཟུང་འབྲེལ་དང་། ཡར་སྐུལ་རྒྱབ་སྐྱོར་དང་ཁྲིམས་ལྟར་ཚད་ལྡན་ཁྲིད་སྟོན་བྱེད་པ་གཉིས་ཟུང་འབྲེལ། དམངས་གཉེར་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་དང་དམངས་གཉེར་ཁེ་ལས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་དང་བྱེད་སྟངས་དོན་དངོས་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བ་གཉིས་ཟུང་འབྲེལ་བྱེད་པ་བཅས་བརྩོན་ལེན་བྱས་ཏེ། ཕྱོགས་བདུན་གྱི་ཞིབ་ཕྲའི་བྱེད་ཐབས་སོ་གསུམ་གཏན་འཁེལ་གསལ་བོ་བྱས་ཡོད།
སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པའི་ཕྱོགས་ནས། དམངས་གཉེར་དཔལ་འབྱོར་འགན་སྲུང་འགུལ་སྐྱོད་སྤེལ་བ་དང་། དམངས་གཉེར་དཔལ་འབྱོར་གྱི་ཁྲོམ་རའི་གཙོ་གཞི་ལ་རོགས་སྐྱོར་བྱེད་པ། ཁེ་ལས་དང་འབྲེལ་བའི་སྲིད་ཇུས་མྱུར་སྐྱེལ་མྱུར་སྤྱོད་བྱེད་པ་དང་། དམངས་ཁྲོད་ཀྱི་མ་རྩ་འཇོག་པའི་གསོན་ཤུགས་བསྐྱེད་པ། དམངས་གཉེར་དཔལ་འབྱོར་གྱི་ཁྲོམ་རའི་གཙོ་གཞིའི་ཁྲལ་གྲོན་ཁུར་པོ་ཇེ་ཡང་དུ་བཏང་བ་བརྒྱུད། སྔར་ལས་གནད་འཁེལ་དང་ནུས་མཐོ། འདྲ་མཉམ་དང་དམངས་ཕན་ཅན་གྱི་སྲིད་ཇུས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད། འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཕྱོགས་ནས། དུས་ལྟར་ནང་འདྲེན་དང་ཚོང་གཉེར་གྱི་ཕྱིར་འཐེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་དྲང་བཞག་གི་སྲིད་ཇུས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁེ་ལས་ཀྱིས་དངུལ་བུན་འགོར་འགྱངས་བྱེད་པ་ཤུགས་ཡོད་རྒུས་ཐག་གཅོད་པ་དང་། ཚོང་འགུག་ནང་འདྲེན་གྱི་མི་མངོན་པའི་བཀག་རྒྱ་འདོར་བ། ཡིད་རྟོན་སྐུལ་ལྕག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། སྲིད་ཇུས་ཀྱི་འབྲེལ་འདྲིས་དང་སྔོན་དཔག་ཁྲིད་སྟོན་ལ་ཤུགས་བསྣན་པ་བརྒྱུད། བརྟན་འཇགས་དང་འདྲ་མཉམ། མངོན་གསལ་དང་སྔོན་དཔག་ཐུབ་པའི་ཕྱི་རོལ་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་རྒྱུ་རེད།
ཆ་རྐྱེན་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཕྱོགས་ནས། དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་དང་། འགན་སྲུང་ཡིད་རྟོན་ཤུགས་དྲག་གཏོང་བ། འགན་སྲུང་བྱེད་པ། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་པ། ལས་བཟོ་པའི་འདོན་སྤྲོད་ཇེ་མང་དུ་བཏང་བ་བརྒྱུད། དམངས་གཉེར་ཁེ་ལས་ཀྱིས་ཁྲིམས་ལྟར་རིགས་སོ་སོའི་ཐོན་ཁུངས་ཆ་རྐྱེན་འདྲ་མཉམ་གྱིས་བེད་སྤྱོད་པར་འགན་ལེན་ཏན་ཏིག་བྱེད་རྒྱུ་རེད། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་པའི་ཕྱོགས་ནས། ཁྲིམས་ལྟར་འདྲ་མཉམ་སྲུང་སྐྱོབ་དང་། ཁྲིམས་འཛིན་མ་རྩ་ཇེ་ཉུང་དུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཁྲིམས་བསྟར་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་རུལ་སུངས་འགོ་ཁུངས་ཀྱི་ཉེན་ཁ་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་བརྒྱུད། རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འདྲ་མཉམ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་ཚང་དུ་གཏོང་རྒྱུ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས། ཐབས་ཇུས་གལ་ཆེན་ནང་ཚབ་ཞུགས་བྱེད་པར་རྒྱབ་སྐྱོར་དང་། ཚན་རྩལ་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ། ཁེ་ལས་ཀྱི་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱེད་པ་བརྒྱུད། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག འཕར་སྣོན་སྒུལ་ཤུགས་སྤོ་བསྒྱུར་བཅས་ལ་ཁྲིད་སྟོན་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།