ཟླ3པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས2024ལོའི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་གཙོ་གནད་ཞེས་པ་པར་འགྲེམ་བྱས་ནས། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་ནས་མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོ་སྤེལ་རྒྱུ་རེད།
རང་ཞིང་གིས་ས་ཆ་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོལ་ཡིག་དང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་པའི་བྱེད་ཐབས་འགའ་སོགས་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ་དང་། གཟུགས་འདས་རིག་གནས་ཤུལ་བཞག་གི་རིམ་བཞིའི་མིང་དེབ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ལ། ཞིང་ཆེན་རིམ་པའི་སྐོར་ཐེངས་ལྔ་བའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་བྱེད་པའི་བྱ་བ་སྤེལ། གཟུགས་འདས་རིག་གནས་ཤུལ་བཞག་གཞི་གྲངས་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་། རྒྱལ་ཡོངས་ཀྱི་རིམ་བཞིའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་མིང་དེབ་ཐོན་ཁུངས་ཁྱབ་གདལ་ཀྱི་གཞི་གྲངས་གཅིག་བསྡུས་འབྲེལ་མཐུད་བྱ་བ་ཡོངས་འགྲུབ་བྱས།
རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་བསྡུས་པ་དང་། ཟི་ལིང་དང་མཚོ་ཤར་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་སྤྱི་ཁོག་གི་འཆར་འགོད་དཔྱད་བཤེར་བྱ་བ་ཡོངས་འགྲུབ་བྱས་ལ། རྒྱལ་ཁབ་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཡིག་ཞུ་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་ཁྲོད། དཔེ་མཚོན་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་འདོན་སྤེལ་བྱས་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་ཕུལ་བྱུང་ལག་ལེན་དཔེ་ཞི་སྐོར་ཞིག་བདམས་ནས། ཡུལ་སྐོར་བའི་དགོས་མཁོ་སྐོང་བ་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར་མཉམ་བསྲེས་གཏིང་ཟབ་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། གཟུགས་འདས་རིག་གནས་ཤུལ་བཞག་གི་ཁྱད་ལྡན་གྲོང་སྡེ་དང་ཁྱད་ལྡན་ཁྲོམ་སྲང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།