མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་སྡེ་ཁག་གིས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས3·15མེ་འགོག་མེ་གསོད་ཐོན་རྫས་སྤུས་ཀའི་ཆེད་དོན་ལྟ་བཤེར་བྱ་འགུལ་སྤེལ།
3·15འཛད་སྤྱོད་པའི་ཁེ་དབང་ཉིན་མོ་སླེབས་ལ་ཉེ་དུས། རང་ཞིང་གི་མེ་འགོག་མེ་གསོད་རུ་ཁག་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས། ཡུལ་དངོས་ལ་སོང་ནས་ཞབས་ཞུ་བསྒྲུབས་པ་དང་། ཡུལ་དངོས་སུ་ཚད་ལེན་བྱེད་པ། སྐབས་བསྟུན་འདེམ་བཤེར་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས3·15མེ་འགོག་མེ་གསོད་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། འགོ་ཁུངས་ནས་མེ་འགོག་མེ་གསོད་ཐོན་རྫས་རྫུན་མ་ཉོ་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱས།
མཉམ་འབྲེལ་འགུལ་སྐྱོད་ཁྲོད། ཞིབ་བཤེར་མི་སྣས་མེ་འགོག་མེ་གསོད་ཐོན་རྫས་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་དང་མེ་འགོག་མེ་གསོད་ཐོན་རྫས་ཡུལ་དངོས་ནས་ལྟ་བཤེར་བརྡར་གཅོད་བྱེད་པའི་སྒྲིག་སྲོལ་གཞིར་བཟུང་སྟེ། ཡུལ་དངོས་ནས་མེ་འགོག་མེ་གསོད་ཐོན་རྫས་ལ་ལྟ་བཤེར་དང་ཡུལ་དངོས་བརྡར་གཅོད་བྱས། མེ་འགོག་མེ་གསོད་སྒྲིག་ཆས་ཉོ་ཚོང་བྱེད་སའི་འགོ་ཁུངས་སུ་གནད་དོན་ཡོད་པའི་མེ་འགོག་མེ་གསོད་ཐོན་རྫས་ལ་དཔེ་ལེན་ཞིབ་བཤེར་བྱས་པ་དང་། ད་དུང་ཚོང་ཁང་མང་ཤོས་དང་གསོལ་མགྲོན་ཁང་ནང་དུ་སྒྲིག་སྦྱོར་བྱས་ཡོད་པའི་དུ་འགོག་ངོ་ཁེབས་དང་། མེ་གསོད་སྟེམ་སྒོ། མེ་གསོད་འཕྲུལ་ཆས་སོགས་ཀྱི་བེད་སྤྱོད་དུས་ཡུན་དང་བདེན་རྫུན་ལ་ཞིབ་བཤེར་བྱས།
ལྟ་བཤེར་བརྒྱུད་རིམ་ཁྲོད། ཁྲིམས་བསྟར་མི་སྣས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། མེ་འགོག་མེ་གསོད་ཐོན་རྫས་བེད་སྤྱོད་བྱེད་ཐབས་དྲིལ་སྒྲོག་བྱས་ཤིང་། ཚད་ལོངས་མེད་པའི་མེ་འགོག་མེ་གསོད་ཐོན་རྫས་ཀྱི་གནོད་འཚེ་ཉེན་སྟོན་བྱས། མེ་འགོག་མེ་གསོད་བདེ་འཇགས་ཀྱི་ལས་ཁུངས་གཙོ་བོའི་དོ་དམ་མི་སྣ་རྩ་འཛུགས་བྱས་ནས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཤེས་བྱའི་ཆེད་དོན་གསོ་སྦྱོང་སྤེལ་བ་དང་། གཙོ་བོ་མེ་འགོག་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་དང་ལག་རྩལ་གྱི་བླང་བྱ་དང་། ཡུལ་དངོས་ནས་འཇོན་ནུས་ཚོད་བརྟག་དང་ལྟ་བཤེར་བྱེད་པ། དྲ་རྒྱའི་ཞིབ་བཤེར་བྱེད་ཐབས་སོགས་ནང་དོན་ལ་དམིགས་ཏེ། མེ་འགོག་མེ་གསོད་ཐོན་རྫས་རྫུན་མ་ཇི་ལྟར་ངོས་འཛིན་ཡང་དག་བྱེད་པར་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས། དེ་དང་མཉམ་དུ། ཁུལ་ཁོངས་ཀྱི་དངོས་ཟོག་ཉོ་སའི་ཐང་བཤམས་ས་ཚིགས་སུ་སོང་ནས། སྐམ་ཕྱེ་མེ་གསོད་འཕྲུལ་ཆས་དང་། སྲོག་ཐར་ངོ་ཁེབས། སྒེར་ཚུགས་རྣམ་པའི་དུ་བ་འཚོལ་ཞིབ་འཕྲུལ་ཆས་སོགས་རྒྱུན་མཐོང་མེ་འགོག་མེ་གསོད་ཐོན་རྫས་འགྲེམས་སྟོན་བྱས་པར་མ་ཟད། མེ་འགོག་མེ་གསོད་དངོས་རྫས་དང་འབྲེལ་ནས་མང་ཚོགས་ལ་མེ་འགོག་མེ་གསོད་ཐོན་རྫས་རྫུན་མ་ཇི་ལྟར་ངོས་འཛིན་བྱེད་སྟངས་འགྲེལ་བཤད་བྱས་ཤིང་། གྲོང་མིའི་མེ་འགོག་མེ་གསོད་ཐོན་རྫས་རྫུན་མ་ངོས་འཛིན་དང་དབྱེ་འབྱེད་ནུས་པ་ཇེ་མཐོར་བཏང་སྟེ། སྤྱི་དམངས་ཀྱིས་ཚད་ལོངས་པའི་མེ་འགོག་མེ་གསོད་ཐོན་རྫས་འདེམས་པར་ཁྲིད་སྟོན་ཡང་དག་བྱས།
ཞིང་ཆེན་མེ་འགོག་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཁྲིམས་ལུགས་དང་སྤྱི་ཚོགས་ལས་དོན་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། ལྟ་སྐུལ་དང་ལྟ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། མེ་འགོག་མེ་གསོད་ཐོན་རྫས་སྤུས་ཀར་ལྟ་སྐུལ་ལྟ་བཤེར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མེ་འགོག་མེ་གསོད་ཐོན་རྫས་སྤུས་ཚད་ཀྱི་སྤྱིའི་ཆུ་ཚད་མཐོར་འདེགས་ཏན་ཏིག་གཏོང་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།