ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། རྒྱལ་ཁབ་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གཏན་ཁེལ་བྱེད་ཐབས་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅོས་བསྒྱུར་གྱི་བྱེད་ཐབས་ཇུས་འགོད་བྱས་པ་དང་། ལྷག་པར་དུ་རྒྱུན་རྣམ་གྱི་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བ་དང་། ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཞིབ་བསྡུར་དགེ་མཚན་ཡོད་པའི་ཁྱབ་ཁོངས་སུ། བཅོས་བསྒྱུར་གྱི་གཏིང་ཚད་དང་ཁྱབ་རྒྱའི་སྟེང་སྔར་ལས་རྒྱ་སྐྱེད་དང་རྒྱུན་བསྲིང་བྱས།
ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་སྐས་རིམ་སྐྱེད་སྲིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་དམིགས་ནས། སྒེར་ཚོང་ཁེ་ལས་སུ་བསྒྱུར་བ་དང་ཁེ་ལས་ཆུང་བ་ཚད་ལྡན་དུ་བསྒྱུར་བར་སྐུལ་འདེད་བཏང་། ཚོང་རར་འཇུག་ཆོག་པ་དང་ཚོང་གཉེར་བྱེད་ཆོག་པའི་ཕྱིར་འབུད་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཆོག་མཆན་བཀོད་པའི་ཚོང་རའི་གཙོ་གཞི་དང་ཆོག་མཆན་ཡི་གེ་དང་ཡང་ན་འཛིན་ཡིག་སྟེང་བཀོད་པའི་ཡུལ་གནས་ཆ་འཕྲིན་ཐད་ཀར་ཐོ་འགོད་བྱས་ཆོག་ལ། སྐོར་ཁག་བགོས་ནས་ཁེ་ལས་གཅིག་ལ་འཛིན་བྱང་གཅིག་གི་བཅོས་བསྒྱུར་སྤེལ་བ་དང་། རིམ་པ་བཞིན་ཚོང་རར་འཇུག་ཆོག་ན་ཚོང་གཉེར་བྱེད་ཆོག་པར་བྱས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཐོན་ལས་ཀྱི་སྲིད་ཇུས་དང་མཐུན་པའི་རིམ་པ་སོ་སོ་དང་རིགས་སྣ་མི་འདྲ་བའི་ཚོང་གཉེར་གཙོ་གཞི་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་ཁྱབ་ཁོངས་སུ་བཞག་པ་དང་། ཚད་གཞི་སྤར་ཚོད་དང་མཐུན་པའི་ཁེ་ལས་གཙོ་བོ་སྟོང་གཉིས་དང་ལྔ་བརྒྱར་རྗེས་འདེད་ཞབས་འདེགས་ཞུས་ལ། གནད་དོན་ཐག་གཅོད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་པ་སྟེ།རྒྱུན་ལྡན་གྱི་བྱ་བ་ཉིན་བདུན་ནང་སྒྲུབ་ཚར་དགོས་པ་དང་།རྙོག་འཛིང་ཆེ་བའི་བྱ་བའང་ཟླ་གཅིག་གི་ནང་མཇུག་འབྲས་ཡོད་པར་བྱས།
ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་མཐོར་འདེགས་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། ཚོང་གཉེར་སྟབས་བདེ་ཚད་སྔར་ལས་ཇེ་མཐོར་བཏང་ལ། ཚོང་འགུག་དངུལ་འདྲེན་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པ་དམ་འཛིན་བྱས་ནས། མི་སྒེར་དང་སྤྱི་ཁོག་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་སྲིད་གཞུང་གི་ཡིད་རྟོན་དང་དངུལ་ཆད་འཇོག གན་རྒྱ་ལག་བསྟར་སོགས་ཀྱི་གནད་དོན་མཐུན་སྦྱོར་སྒོས་ཐད་གཅོད་བྱས། དམངས་ཁྲོད་ཀྱི་དངུལ་གཏོང་ཐད་ཀྱི་གསལ་ཁྲ་གསུམ་དང་སྟེགས་བུ་གཅིག མཛོད་གཅིག་དང་རྐྱེན་སྲོལ་གཅིག་བཙུགས་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་རིམ་བསྟུད་སྒོས་ཞིང་ཆེན་རིམ་པའི་ལས་གཞི་གཙོ་བོ་ཁྲོད་འཇོག་པ་དང་། རྒྱལ་ཡོངས་ཀྱི་དམངས་ཁྲོད་དངུལ་གཏོང་གཙོ་བོའི་ལས་གཞིའི་མཛོད་དུ་འཇོག་པར་སྐུལ་འདེད་བཏང་ལ། སྐོར་ཐེངས་དང་པོའི་དམངས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་ཞེ་དགུ་ཡོངས་ཁྱབ་ཏུ་ངོ་སྤྲོད་བྱས་པ་དང་། དམངས་ཁྲོད་ཀྱི་མ་རྩ་རིགས་གསར་བའི་གྲོང་གསེབ་ཅན་དང་དག་གཙང་ནུས་ཁུངས། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཡུལ་སྐོར་སོགས་བཟོ་སྐྲུན་ཆེན་པོ་དང་ཞན་ཆ་ཁ་གསབ་བྱེད་པའི་ཁྱབ་ཁོངས་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས།
དུས་བཀག་ལྟར་ཁེ་ལས་ཕྲན་ཆུང་དང་སྒེར་གཉེར་ཚོང་ལས་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་དངུལ་ལྟ་སྐྱོང་སྲིད་ཇུས་ཀྱི་གསལ་ཁྲ་ཁྱབ་བསྒྲགས་བྱས་པ་དང་། སྲིད་གཞུང་གིས་དངོས་གོང་གཏན་ཁེལ་བྱས་པའི་འབྲེལ་ཡོད་ཁེ་ལས་ཀྱི་དངུལ་བསྡུ་གསལ་ཁྲ་ལས་གཞན་པས་རང་དགར་དུ་དངུལ་བསྡུ་རྣམ་གྲངས་འཛུགས་མི་རུང་ལ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་མཆན་འགོད་བར་སྨྱན་གྱི་ཞབས་ཞུའི་དངུལ་བསྡུ་རྣམ་གྲངས་ཀྱི་གསལ་ཁྲ་གཏན་འབེབས་བྱས་པ་དང་། སྒེར་སྡེམ་རང་བཞིན་གྱི་བར་སྨྱན་གྱིས་དངུལ་མང་པོ་བསྡུ་བའི་སྤྱོད་ཚུལ་ལ་བཅོས་སྐྱོང་ནན་མོ་བྱས།
རིན་ཆེན་མཚོས་བསྒྱུར།