2021ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་ཚོང་རྫས་རྫུན་མ་ཐོན་སྐྱེད་དང་ཉོ་འཚོང་བྱེད་པའི་མི་གཉིས་འཛིན་བཟུང་བྱས་པ་དང་། མི་ཉེར་བཞི་ལ་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་ལ། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་གང་ལེགས་བྱས་པ་དང་། སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་བསགས་གྱོད་གཞི་བཅུ་གཉིས་དང་འབྲེལ་ཡོད་ཉེས་ཅན་མི་སྣ་བཅུ་གསུམ་བརྒྱུད་སྐྱེལ་བྱས་ལ། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་གསུམ་དང་མི་བཞི་ཐོ་འགོད་བྱེད་པར་ལྟ་སྐུལ་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་བ་དང་། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ལ། ཆེས་གཟབ་ནན་གྱི་རེ་བ་བཞི་ལག་བསྟར་བྱས་ཤིང་། ནང་ནས་མཉམ་བསྲེས་སྒོས་འགན་སྒྲུབ་བྱེད་པ་དམ་འཛིན་བྱས་པ་དང་། ཕྱི་ཚུལ་ནས་ཁྲིམས་གཅོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ལ། ཚོང་རྫས་རྫུན་མ་བཟོ་བ་དང་ཉོ་འཚོང་བྱེད་པའི་མཐོ་གནོན་རྣམ་པ་གྲུབ་པར་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚུར་སྣང་མཐོ་བའི་ཟས་རིགས་སྨན་རྫས་ཀྱི་ཁྱབ་ཁོངས་དང་མཉམ་འབྲེལ་དྲ་རྒྱའི་ཁྱབ་ཁོངས་ཀྱི་ཚོང་རྫས་རྫུན་མ་ཐོན་སྐྱེད་དང་ཉོ་འཚོང་བྱེད་པའི་ཉེས་བཟོ་སྤྱོད་ཚུལ་ལ་དམིགས་ནས། བྱེད་ཐབས་བཟང་བོ་སྤྱད་དེ། ཁྲིམས་ལྟར་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དང་། ཚོང་གཉེར་པས་ཡིད་རྟོན་ཁྲིམས་མཐུན་སྒོས་ཚོང་གཉེར་བྱེད་པར་སྐུལ་འདེད་བཏང་ལ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་བསྒྱུར་བྱས་ཤིང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་དང་སྤྱི་ཕན་ཞུ་གཏུག་མཉམ་བསྲེས་བྱས་ནས་འགན་སྒྲུབ་བྱེད་པ་བརྒྱུད་དེ། ཁྲིམས་ལྟར་ཚོང་རྫས་རྫུན་མ་བཟོ་བ་དང་ཉོ་འཚོང་བྱེད་པའི་ཉེས་བྱས་ལ་ཆད་གཅོད་བྱས་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། ཆབ་སྲིད་ཀྱི་གྲུབ་འབྲས་དང་བཅའ་ཁྲིམས་ཀྱི་གྲུབ་འབྲས། སྤྱི་ཚོགས་ཀྱི་གྲུབ་འབྲས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱས།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྤུས་ཚད་བདེ་འཇགས་ལ་ཞིབ་དཔྱད་སྲུང་སྐྱོབ་བྱེད་པའི2024ལོའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཚོང་རྫས་རྫུན་མ་བཟོ་བ་དང་ཉོ་ཚོང་བྱེད་པའི་ཉེས་བྱས་ལ་ཆད་གཅོད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་ཞུ་གཏུག་གི་ཞིབ་དཔྱོད་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ། ཁྲིམས་གཅོད་ཕྱོགས་གཉིས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཚོང་རྫས་རྫུན་མ་བཟོ་བ་དང་ཉོ་ཚོང་བྱེད་པར་རྡུང་རྡེག་བྱེད་པའི་སྣ་མང་མཉམ་བཅོས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ། ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་ཞིབ་དཔྱོད་ལས་ཁུངས་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།