ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་མཛུབ་སྟོན་ལ་ཤུགས་བསྣན་ནས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2024.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2023ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་ལས་གཞི་འཛུགས་སྐྲུན་གནས་ཚུལ་གཙོར་བཟུང་ནས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཡུལ་དངོས་ལྟ་སྐུལ་དང་དྲ་ཐོག་ལྟ་ཞིབ། གྲོང་ཁྱེར་དང་ཁུལ་གྱིས་རང་བཤེར་བྱེད་པའི་རྣམ་པ་སྤྱད་དེ། གཙོ་བོར་རྒྱལ་ཁབ་གྱི་འཛུགས་སྐྲུན་ལས་གཞི་མཛོད་བདུན་ཅུའི་ནང་གི་ལག་བསྟར་མ་བྱས་པའི་ལས་གཞི་ལ་གྲལ་བཤེར་བྱས་པར་མ་ཟད། ལས་གཞིའི་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཕྲག་ཏུ་བླངས་པའི་སྡེ་ཁག་གིས་ལས་གཞི་ལག་བསྟར་མ་བྱས་པའི་རྒྱུ་རྐྱེན་ལ་ཞིབ་བཤེར་གསལ་བོ་བྱས་པ་དང་། ལས་གཞིའི་ས་ཆ་དང་ཁོར་ཡུག་དཔྱད་འཇོག ཐོག་མའི་ཇུས་འགོད། ཚོང་འགུག་དངུལ་འདྲེན། འཛུགས་སྐྲུན་མཆན་འགོད་སོགས་ལས་གཞིའི་སྔོན་དུས་ཀྱི་རྒྱུ་རྐྱེན་གཙོ་བོར་དབྱེ་ཞིབ་གྲལ་བཤེར་བྱས་ལ། ལས་གཞི་སྡེ་ཁག་དང་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྔོན་དུས་ཀྱི་བྱ་བ་གལ་ཆེན་སྒྲུབ་པར་སྐུལ་འདེད་བཏང་སྟེ། དགུན་དུས་ལས་མཚམས་བཞག་རྗེས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་འཛུགས་སྐྲུན་བྱེད་ཐུབ་པར་ཁག་ཐེག་བྱས།

རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞི་མཛོད་ཆེན་པོའི་ལྟ་ཞིབ་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི2023ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་བཞི་བརྒྱ་དང་གྱ་གཉིས་ལས། ལས་གཞི་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་དྲུག་ལ་སླེབས་པ་དང་། དེ་དུས་སྔོན་མའི་མཛུབ་སྟོན་ལྟ་ཞིབ་བྱེད་སྐབས་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་འཕར། ས་ཁུལ་སོ་སོའི་ལྟ་ཞིབ་མཇུག་འབྲས་ལ་བལྟས་ན། མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་གྱི་ལས་གཞི་ཚང་མ་འཛུགས་སྐྲུན་བྱས་པ་དང་། གྲོང་ཁྱེར་དང་ཁུལ་གཞན་པ་རུ་ད་དུང་འཛུགས་སྐྲུན་མ་བྱས་པའི་ལས་གཞི་ཡོད་ལ། དེ་དག་ནི་ཉེ་དུས་འཛུགས་སྐྲུན་བྱེད་པའི་བྱ་བ་གཙོ་བོ་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི་ལྟ་སྐུལ་དཔྱད་འཇོག་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་གཏན་ཁེལ་བྱེད་པ། གྲོང་ཁྱེར་དང་ཁུལ་གྱི་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་དུས་བཀག་ལྟར་རང་ས་ཁུལ་གྱི་དངུལ་གཏོང་ལས་གཞི་འཛུགས་སྐྲུན་ལག་བསྟར་གནས་ཚུལ་དང་དངུལ་གཏོང་འཆར་གཞི་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་བཀོད་གཏོང་དང་དབྱེ་ཞིབ་བྱེད་པར་སྐུལ་འདེད་གཏོང་བ། གནས་བབ་དང་བསྟུན་ནས་ལྟ་སྐུལ་དོ་དམ་གྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ། ལས་གཞི་འཛུགས་སྐྲུན་གྱི་ཆ་རྐྱེན་ལག་བསྟར་བྱེད་པ། ས་ཞིང་དང་མི་བཀོལ། ཁོར་ཡུག་དཔྱད་འཇོག་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་གནད་དོན་འཚོལ་བ་དང་ཐག་གཅོད་བྱས་ནས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་གི་ལུགས་མཐུན་བཀོལ་སྤྱོད་དང་འཛུགས་སྐྲུན་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།