མཚོ་སྔོན་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱིད་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ།
2024.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་བཀོད་སྒྲིག་ལྟར། ཟླ3པའི་ཚེས23ཉིན་ནས་ཟླ5བའི་ཚེས31ཉིན་བར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱིད་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་ནས། འབུར་དུ་ཐོན་པའི་འགྲིམ་འགྲུལ་ཁྲིམས་འགལ་སྤྱོད་ཚུལ་ལ་དོ་དམ་དང་ཞིབ་བཤེར། ཐག་གཅོད་ནན་མོ་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱས་ཏེ། མང་ཚོགས་ཕྱིར་བསྐྱོད་ཆེད་བགྲོད་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་རེད།

འགུལ་སྐྱོད་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ཟོང་སྐྱེལ་རླངས་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་བཀག་སྡོམ་ཇེ་དམ་དུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་མཉམ་དུ་མགྱོགས་ཚད་དང་ཤོང་ཚད་ལས་བརྒལ་བར་བཅོས་སྐྱོང་ཟབ་མོ་བྱེད་པ་སྣེ་ཁྲིད་དུ་བྱེད་པ། ཟོང་སྐྱེལ་རླངས་འཁོར་གྱི་ཤར་བགྲོད་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ཟོང་སྐྱེལ་རླངས་འཁོར་མགྱོགས་ཚད་དང་ཤོང་ཚད་ལས་བརྒལ་བ་དང་། ངལ་དུབ་སྒོས་རླངས་འཁོར་སྐོར་བ། ཁྲིམས་འགལ་མི་འདྲུད་སོགས་འགྲིམ་འགྲུལ་ཁྲིམས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་པ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཟོང་སྐྱེལ་རླངས་འཁོར་གྱི་དོན་རྐྱེན་འབྱུང་བར་འགོག་ཟོན་བྱེད་རྒྱུ་རེད། ཞོགས་པ་དང་དགོང་མོ་དུས་ཚིགས་གལ་ཆེན་དུ་བརྩིས་ནས། ཟོང་སྐྱེལ་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ཀྱིས་མི་འདྲུད་པར་ཞིབ་བཤེར་ནན་མོ་བྱེད་པ་དང་། ངལ་རྩོལ་དང་མི་བཀོལ་སྡེ་ཁག་གིས་རང་སྟེང་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཉེན་ཁ་ཡོད་པའི་རླངས་འཁོར་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། གཞུང་ལམ་གཙོ་བོའི་མཉམ་འབྲེལ་ཞབས་ཞུ་དང་དུས་བསྣོལ་ཞབས་ཞུ་བྱ་བ་སྤེལ་ནས། ཉེན་ཁ་ཡོད་པའི་རླངས་འཁོར་གྱི་ལམ་ངོས་བཀག་འགོག་ཞིབ་བཤེར་ཕན་ནུས་མཐོར་འདེགས་སུ་གཏོང་རྒྱུ་རེད།

ས་ཆ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅོས་སྐྱོང་གི་གཙོ་གནད་ལ་དམིགས་ནས། དུར་མཆོད་དུས་ཆེན་དང་ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་འགན་སྲུང་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དོན་རྐྱེན་ཅུང་ཆེན་པོ་དང་འགྲིམ་འགྲུལ་བཀག་འགོག་ཅུང་ཆེན་པོ་འབྱུང་བར་འགོག་ཟོན་བྱེད་རྒྱུ་ཡིན་ལ། དབྱར་རྩྭ་བརྐོ་བའི་དུས་སྐབས་ཀྱི་འགྲིམ་འགྲུལ་འགན་སྲུང་ལ་ཤུགས་སྣོན་པ་དང་། རོང་འབྲོག་ཁུལ་གྱི་བགྲོད་ལམ་སྐོར་ཞིབ་བྱེད་ཚད་ཇེ་མཐོར་བཏང་ནས། དབྱར་རྩྭ་བརྐོ་བའི་དུས་སྐབས་ཀྱི་ཁོངས་གཏོགས་ས་ཁུལ་གཙོ་བོའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།