སྟོང་སྐོར་རྫོང་གིས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།
2024.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ད་ལོར།   སྟོང་སྐོར་རྫོང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ལག་བསྟར་ཟབ་མོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་འགན་སྲུང་སྲིད་ཇུས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་པ་དང་།    མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ལ།   རིམ་པ་དང་རིགས་བགར་ཏེ་སྤྱི་ཚོགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབས་ཤིང་།    དམངས་སྲིད་བྱ་བའི་ཚད་མཐའ་བརྟན་སྲུང་དང་དམངས་ཚིས་འགན་སྲུང་།    དཀའ་གནད་ལ་རོགས་སྐྱོར་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་བདེ་སྐྱིད་ཚད་མཐའ་བརྟན་སྲུང་བྱས།

འཚམས་འདྲི་བྱ་བའི་རྐྱེན་སྲོལ་གཏིང་ཟབ་ཏུ་བཏང་སྟེ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྐོར་འདྲི་ལྟ་ཞིབ་ཤུགས་ཚད་ཇེ་ཆེར་བཏང་བ་དང་།    སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་སྤྱི་ཚོགས་རོགས་སྐྱོར་བྱ་བ་སྒྲུབ་མཁན་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་ནད་ལྗིད་མོ་བྱུང་བའི་དཀའ་ཁག་ཡོད་པའི་མི་སྣ།    དཀའ་ཁག་ཡོད་པའི་ལས་ཤོར་མི་སྣ་སོགས་ཀྱི་རོགས་སྐྱོར་དགོས་མཁོར་དུས་ཐོག་ཏུ་རྒྱུས་ལོན་ཡང་དག་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཡོད་པའི་མང་ཚོགས་རྣམས་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་ནས་རོགས་སྐྱོར་ཕྱོགས་ཡོངས་ལ་ཁེབས་པ་དང་གཅིག་ཀྱང་ཆད་ལུས་མེད་པར་བྱས།

གནས་སྐབས་སུ་དཀའ་ཁག་ལ་འཕྲད་པའི་མི་སྣ་སོགས་དམིགས་བསལ་མི་ཚོགས་ལ་དོ་ཁུར་བྱས་ཏེ་སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གནས་སྐབས་རང་བཞིན་དང་ཐོལ་བྱུང་རང་བཞིན།  བྲེལ་མྱུར་རང་བཞིན་གྱི་འཚོ་བའི་དཀའ་ཁག་ཐག་གཅོད་བཟང་བོ་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།