2024ལོའི་སྐབས་དང་པོའི་ཁུ་ནུའི་འཆད་ཁྲིད་ཆེན་མོ་སྤེལ་འགོ་བརྩམས།
2024.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2024ལོའི་སྐབས་དང་པོའི་ཁུ་ནུའི་འཆད་ཁྲིད་ཆེན་མོ་ཟླ3པའི་ཚེས26ཉིན་དྲ་ཐོག་ནས་སྤེལ་འགོ་བརྩམས། ཀྲུང་གོའི་འཕེལ་རྒྱས་བཅོས་སྒྱུར་ཚགས་པར་ཁང་གི་འགོ་གཙོ་གཞོན་པ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཆེད་ཞུས་དཔྱད་འཇོག་པ་དབྱང་ཡུས་ཀྱིས་ཁ་བྱང་ལ2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་འགྲེལ་ཀློག་ཅེས་པའི་ཆེད་དོན་འཆད་ཁྲིད་བྱས།

འཆད་ཁྲིད་བྱེད་སྐབས། དབྱང་ཡུས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་ཚབ་ཚོགས་པ་དང་ཚན་ཆུང་གི་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྲིད་གཞུང་བྱ་བའི་སྙན་ཞུ། འཐུས་མི་དང་ཨུ་ཡོན་གྱི་གྲོས་གཞི་གཙོ་བོའི་ནང་དོན་ལ་དམ་དུ་དམིགས་པ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དམངས་ཚིས་སོགས་ཁྱབ་ཁོངས་གཙོ་བོའི་བྱ་བའི་ལས་འགན་ལ་ཁ་གཏད་དེ་དབྱེ་ཞིབ་དང་འགྲེལ་ཀློག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་བརྟན་ཐོག་ཡར་འཕེལ་དང་འཕེལ་བརྟེན་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་སོགས་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་བྱེད་པར་རོགས་འདེགས་བྱས་ལ། གསར་བར་ཁ་ཕྱོགས་པ་དང་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་ཐུབ་པར་བྱས་པ་དང་། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་རྣམ་པ་གསར་བ་གྲུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྟོབས་ཤུགས་ཕུལ། འཆད་ཁྲིད་ལ་རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྔགས་བརྗོད་ཐོབ་པ་དང་། ཚང་མས་རྗེས་ཕྱོགས་སུ་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན། མང་ཚོགས་ཀྱི་སེམས་ཁུར་བྱེད་ས་གཙིགས་སུ་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་རྒྱུ་ཡིན་པའི་ཚུལ་བསྟན།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་གྱི་འབྲེལ་ཡོད་ཐད་གཏོགས་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ་བསྡོམས་པས་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་འཆད་ཁྲིད་ལ་ཉན།

རིན་ཆེན་མཚོས་བསྒྱུར།