མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་གི་ས་འགུལ་གནོད་རྗེས་སླར་གསོ་བསྐྱར་འཛུགས་ལས་གཞི་རེ་དྲུག་འཛུགས་སྐྲུན་བྱེད་འགོ་བརྩམས།
2024.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས28ཉིན་གྱི་སྔ་དྲོར།   མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲན་ཡུལ་ཚོ་ཅིན་ཐེན་སྡེ་བ་དང་ཚོ་ཐན་སྡེ་བའི་གཅིག་བསྡུས་གནས་སྤོར་བདེ་འགོད་བྱེད་ས་གསར་པ་རུ་ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ལས་གཞིའི་གཅིག་བསྡུས་འགོ་རྩོམ་མཛད་སྒོ་བསྡུས།   མིག་སྔར།   མིན་ཧོ་རྫོང་གི་འ་འགུལ་གནོད་རྗེས་སླར་གསོ་བསྐྱར་འཛུགས་ལས་གཞིའི་སྤྱིའི་དངུལ་གཏོང་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་གཅིག་ཡིན་པ་དང་བསྡོམས་པས་ལས་གཞི་བརྒྱ་དང་ཉེར་དྲུག་ཡོད་ལ།    དེའི་ཁྲོད་ཀྱི་ལས་གཞི་རེ་དྲུག་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།

མཛད་སྒོའི་ཡུལ་དངོས་སུ།     དུས་སྔོན་ལས་ཞུགས་གསོ་སྦྱོང་ལ་ཞུགས་རྗེས་ལས་གནས་སུ་ཞུགས་པའི་ས་གནས་སྡེ་མི་རྣམས་ཀྱིས་དབོར་འཁོར་དང་ས་བརྐོ་འཕྲུལ་འཁོར་སོགས་བསྐོར་ཡོང་ནས་ཡུལ་དངོས་སུ་བཀའ་ལ་སྒུག་ཡོད་པར་མ་ཟད།  ཡུལ་དངོས་སུ་ད་རུང་ཅིན་ཐེན་སྡེ་བ་དང་ཚོ་ཐན་སྡེ་བའི་བསྐྱར་འཛུགས་འཆར་འགོད་ཀྱི་ཁང་དབྱིབས་རི་མོ་བསྟན།     ཐེངས་འདིའི་ཀྲུང་ཁྲན་ཡུལ་ཚོ་ཚོ་ཐན་སྡེ་བ་དང་ཅིན་ཐེན་སྡེ་བ།  ཀོན་ཐིན་གྲོང་རྡལ་ཀྲའོ་མུའུ་ཁྲན་སྡེ་བའི་གཅིག་བསྡུས་གནས་སྤོར་བདེ་འགོད་དང་རྨང་གཞིའི་སྒྲིག་ཆས་སྒྲིག་བཀོད་ལས་གཞིར་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་།  ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བརྒྱད་ཡིན་ལ།   ཁྱིམ་ཚང་ཉིས་བརྒྱ་རེ་བཞིའི་གནོད་ཐེབས་མང་ཚོགས་བདེ་འགོད་བྱ་རྒྱུ་ཡིན་པ་དང་།   འཆར་གཞི་ལྟར་ན་ཟླ་དགུ་པའི་ཟླ་མཇུག་གི་སྔོན་ལ་ཞིང་ཁྱིམ་དང་སྒྲིག་བཀོད་ལས་གཞིའི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོའི་ཟླ་གཉིས་པའི་ཚུན་ལ།   མིན་ཧོ་རྫོང་གིས་དུས་ཚོད་དམ་འཛིན་གྱིས་འཕེལ་རིམ་བརྩོན་ལེན་བྱས་པ་དང་དུས་སྐབས་སྔོན་གྱི་བྱ་བར་སྐུལ་འདེད་ནན་མོ་བཏང་ཞིང་།    གནོད་རྗེས་སླར་གསོ་བསྐྱར་འཛུགས་ལས་གཞིའི་འཛུགས་སྐྲུན་ལས་འགན་རྒྱུན་མཐུད་ངང་འགོ་བརྩམས་ལ།   དེ་ཞིང་ཁྱིམ་སླར་གསོ་བསྐྱར་འཛུགས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས།    འགྲིམ་འགྲུལ་སྒྲིག་ཆས།   ཞིང་ས་ཆུ་ཆེད་སྒྲིག་ཆས།    གྲོང་སྲིད་རྨང་གཞིའི་སྒྲིག་ཆས།     ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་དང་སྐྱེ་ཁམས་སླར་གསོ།    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ལས་གཞི་བརྒྱ་དང་ཉེར་དྲུག་ལ་ཁེབས་ཡོད།    ཐེངས་འདིར་གཅིག་བསྡུས་འགོ་རྩོམ་མཛད་སྒོ་སྤེལ་བ་ནི་རྗོང་ཡོངས་ཀྱིས་གནོད་རྗེས་སླར་གསོ་བསྐྱར་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བཀའ་མདའ་ལྟ་བུ་ཡིན་པ་དང་།     འཆར་གཞི་ལྟར་ན་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཁྲོད་ཞུགས་པའི་སྡེ་ཁག་ཚང་མས་ཟླ་བདུན་པའི་ཟླ་མཇུག་གི་སྔོན་ལ་ཞིག་གསོ་སྲ་བརྟན་རིགས་ཀྱི་ལས་གཞི་ཡོངས་འགྲུབ་བྱེད་པ་དང་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་བསྐྱར་འཛུགས་རིགས་ཀྱི་ལས་གཞི་ཡོངས་འགྲུབ་བྱེད་པར་མ་ཟད།  བསྐྱར་འཛུགས་ལས་གཞིར་བརྟེན་ནས་གནོད་པ་ཐེབས་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་འགན་སྲུང་ནུས་པ་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱེད་པ།   གྲོང་གསེབ་ཐོན་ལས་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ།  སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅས་བྱས་ཏེ་གནོད་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ལས་དོན་སོ་སོ་གཏན་འཇགས་ངང་མཐོར་འདེགས་ཡོང་བར་བྱས་ནས་གནོད་ཁུལ་མང་ཚོགས་ལ་སྔར་ལས་བདེ་འཇགས་དང་སྔར་ལས་མཛེས་སྡུག   སྔར་ལས་བདེ་སྡོད་ཀྱི་ཁྱིམ་གཞི་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།