མཚོ་སྔོན་གྱི་དཔྱིད་ཀའི་རྨོ་འདེབས་སྐབས་ཀྱི་གནམ་གཤིས་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།
2024.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་དང་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་སྐབས་ཀྱི་གནམ་གཤིས་ཞབས་ཞུའི་བྱ་བའི་བཀོད་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་དཔྱིད་ཀའི་རྨོ་འདེབས་སྐབས་ཀྱི་གནམ་གཤིས་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས། མིག་སྔར། མཚོ་སྔོན་ཤར་རྒྱུད་ཞིང་ལས་ས་ཁུལ་ཕྱོགས་ཡོངས་ནས་དཔྱིད་ཀའི་རྨོ་འདེབས་དང་རྨོ་འདེབས་གྲ་སྒྲིག་གི་དུས་སྐབས་སུ་སླེབས་པ་དང་། ས་ཆ་སོ་སོས་ནམ་ཟླ་དང་ས་ཞིང་འཁྱགས་ཞུ་གནས་ཚུལ་ལ་དོ་སྣང་བྱེད་པ་དང་། དུས་ཐོག་ཏུ་སོན་འདེབས་བྱེད་པར་མ་ཟད། ནད་དང་འབུའི་གནོད་པའི་འགོག་བཅོས་བྱ་བར་ཤུགས་སྣོན་པ། སོན་འདེབས་དུས་སྐབས་སུ་སླེབས་མེད་པའི་ས་ཁུལ་གྱིས་དཔྱིད་ཀའི་རྨོ་འདེབས་སྔོན་གྱི་ས་བོན་དང་ལུད་རྫས་སྐྱེལ་འདྲེན་སོགས་ཀྱི་ཉར་གསོག་བྱ་བ་བཟང་བོར་བསྒྲུབ་ནས། དཔྱིད་ཀའི་རྨ་འདེབས་དང་ཐོན་སྐྱེད་ལ་འགན་སྲུང་བྱེད་རྒྱུའི་གྲོས་གཞི་བཏོན།

ལོ་རེའི་དཔྱིད་ཀའི་རྨོ་འདེབས་ཀྱི་གནད་འགག་དུས་རིམ་དུ། ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གིས་ལོ་ཏོག་འདེབས་འཚམ་པའི་ཞིང་ལས་ནམ་ཟླའི་དམིགས་ཚད་ལྟར། མ་འོངས་པའི་གནམ་གཤིས་ནམ་ཟླའི་སྔོན་དཔག་ལ་ཟུང་འབྲེལ་བྱས་ནས། ཁུལ་ཁོངས་བགོ་བ་དང་ལོ་ཏོག་མི་འདྲ་བའི་ལེགས་ཞིབ་ཅན་གྱི་གནམ་གཤིས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། དེ་དང་མཉམ་དུ་གནམ་གཤིས་དང་ཞིང་ལས་སྡེ་ཁག་གི་འཕྲལ་བསྟུན་མཉམ་འབྲེལ་ལ་ཤུགས་བསྣན་པ་དང་། ཞིང་འདེབས་ཀྱི་ཆེད་དུ་གནམ་གཤིས་ཞབས་ཞུ་འདོན་སྤྲོད་བྱས་ལ། ཆེད་དོན་ཞབས་ཞུའི་ཐོན་རྫས་ངོ་སྤྲོད་ཁྱབ་བསྒྲགས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་དཔྱིད་ཀའི་རྨོ་འདེབས་ཐད་ཀྱི་གནམ་གཤིས་ཞབས་ཞུ་བཟང་བོར་བསྒྲུབ་ནས། གནམ་གཤིས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་ནུས་པ་མཐོར་འདེགས་སུ་བཏང་།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་གནམ་གཤིས་ཆེད་མཁས་པའི་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་པ་དང་བསྡུར་ན། མཚོ་སྔོན་ཞིང་ཆེན་གྱི་དཔྱིད་ཀའི་རྨོ་འདེབས་བྱེད་པའི་དུས་ཚོད་ཅུང་འཕྱི་བ་དང་། སྤྱིར་བཏང་དུ་ཟླ་གསུམ་པ་ནས་བཟུང་རིམ་པ་བཞིན་འགོ་རྩོམ་པ་དང་། ཟླ་ལྔ་བའི་བར་དུ་རྒྱུན་བསྲིང་རྒྱུ་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིགས་མི་འདྲ་བའི་ལོ་ཏོག་སྣ་ཚོགས་འདེབས་ཚད་རྒྱ་ཁྱོན་མུའུ་འབུམ་བཞི་དང་ཁྲི་བརྒྱད་སྟོང་ལྔར་སླེབས་པ་དང་། དེས་སོན་འདེབས་རྒྱ་ཁྱོན་གྱི་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཟིན།

ཟླ་གསུམ་པའི་ཚུན་དུ། མཚོ་སྔོན་གྱི་ཤར་རྒྱུད་ས་ཁུལ་དུ་ཆར་འབབ་ཚད་ཅུང་ཉུང་བ་དང་། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ཐད་རོགས་འདེགས་བྱེད་ཆེད། གནམ་གཤིས་སྡེ་ཁག་གིས་ཙོང་ཆུའི་གཞོང་ས་དང་རྨ་ཆུའི་གཞོང་ས། མདོ་ལ་རི་བོའི་ལྷོ་རྒྱུད། མཚོ་སྔོན་པོའི་བཞུར་རྒྱུད་སོགས་ས་ཁུལ་དུ་ཐེངས་མང་པོར་མིས་ཤུགས་ཀྱིས་ནམ་ཟླར་ཐེ་གཏོགས་བྱེད་པའི་བྱ་བ་སྤེལ། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། རང་བྱུང་གི་ཆར་འབབ་ཆ་རྐྱེན་དང་མིས་ཤུགས་ཀྱིས་ནམ་ཟླར་ཐེ་གཏོགས་བྱེད་པའི་བྱ་བ་མཉམ་དུ་སྤེལ་བའི་འོག མེན་ཧི་དང་ཞོན་ཧྭ། དཔའ་ལུང་། ཐུན་རིན་སོགས་ས་ཆ་རུ་དཔྱིད་ཀའི་ཚུན་གྱི་ཆར་བ་དང་པོ་བབས་པ་དང་། མངའ་ཁོངས་ནང་གི་གནམ་གཤིས་ས་ཚིགས་ཕྱེད་ཀའི་ཡན་གྱི་དུས་ཚོད་ཉེར་བཞིའི་ཆར་འབབ་ཚད་ཧོ་རྨིད་བཅུའི་ཡན་ལ་སླེབས་ནས། ཤར་རྒྱུད་ཞིང་ལས་ས་ཁུལ་གྱི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཐད་ནུས་པ་གལ་ཆེན་བཏོན།

རིན་ཆེན་མཚོས་བསྒྱུར།