མགོ་ལོག་གིས་སྒོར་འབུམ་གསུམ་གྱི་འཛད་སྤྱོད་དངུལ་འཛིན་བྱིན་ནས་འཛད་སྤྱོད་ལ་ཡར་སྐུལ་བྱས།
2024.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད11སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་འཛད་སྤྱོད་ཡར་སྐུལ་ལོའི་མགོ་རྩོམ་མཛད་སྒོ་དང་མགོ་ལོག་གི་དམངས་ཕན་ཁེ་ལས་རོགས་སྐྱོར་གྱི་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་མགོ་ལོག་ཁུལ་རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་རྣམ་པ་སྣ་ཚོགས་པའི་འཛད་སྤྱོད་ཡར་སྐུལ་བྱེད་སྒོ་སྤེལ་བ་བརྒྱུད་དེ། དཔལ་འབྱོར་འཕར་སྣོན་བྱེད་པའི་གནས་བབ་སྲ་བརྟན་དུ་བཏང་ནས། ཧུར་ཐག་སྒོས་མགོ་ལོག་ཁུལ་དུ་ཁེ་ལས་དང་ཚོང་ཁང་མང་བོ་མཉམ་དུ་ཞུགས་པ་དང་ཁྱིམ་ཚང་ཁྲི་སྟོང་མང་བོར་ཁེ་ཕན་ཐོབ་པར་བྱེད་པའི་དར་སྲོལ་བཟང་བོ་ཆགས་པར་བྱེད་ཆེད་རེད།

ཐེངས་འདིའི་འཛད་སྤྱོད་ཡར་སྐུལ་བྱེད་སྒོར་ཕྱི་འཚོང་སྟེགས་བུ་ཀུང་ཟིར་ཐོ་འགོད་བྱས་པའི་ཚོང་བ200ལྷག་ཞུགས་ཡོད་ཅིང་། མགོ་ལོག་ཁུལ་བཟོ་ལས་ཆ་འཕྲིན་ཚོང་དོན་ཅུའུ་ཡིས་གཅིག་གྱུར་སྒོས་འཛད་སྤྱོད་དངུལ་འཛིན་བྱིན་པ་དང་། སྤྱིའི་མ་དངུལ་སྒོར་འབུམ3ལ་སླེབས་ཡོད། བྱེད་སྒོ་སྤེལ་ཡུན་ནི་ཟླ3པའི་ཚེས31ཉིན་ནས་ཟླ4པའི་ཚེས21ཉིན་བར་བསྡོམས་པས་ཉིན23རེད། བྱེད་སྒོའི་ཁྱབ་ཁོངས་དེ་སིལ་འཚོང་དང་བཟའ་བཏུང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་རིགས་སྣ་མང་བོར་འབྲེལ་བ་དང་། ལས་རིགས་མཉམ་འབྲེལ་དང་མཁར་གྲོང་གཅིག་འབྲེལ། འཛད་སྤྱོད་ཁོར་ཡུག་བཟང་བོ་གསར་གཏོད་བྱས་ཏེ། འཛད་སྤྱོད་རིམ་འཕར་ལ་ཁྲིད་སྟོན་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱས་ནས་མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་པར་བྱེད་རྒྱུ་རེད། མཚམས་སྦྱོར་བྱས་པ་ལྟར་ན། མགོ་ལོག་ཁུལ་གྱིས2024ལོར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་བསྟུད་མར་འཛད་སྤྱོད་ཡར་སྐུལ་བྱེད་སྒོ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མགོ་ལོག་གི་འཛད་སྤྱོད་ཚོང་རའི་གསོན་ཤུགས་བསྐྱེད་དེ། མགོ་ལོག་ཁུལ་གྱི་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་བ་དང་ཉོ་ཚོང་འཁོར་རྒྱུག་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་སླར་གསོ་བྱེད་པར་ནུས་ཡོད་འདེགས་ཤུགས་འདོན་སྤྲོད་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།