མཚོ་སྔོན་ཞིང་ཆེན་གྱིས་དུར་མཆོད་དུས་ཆེན་སྔོན་གྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བར་མཛུབ་སྟོན་བྱ་བ་སྤེལ།
2024.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས22ཉིན་ནས་ཚེས31ཉིན་བར། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་མཛུབ་སྟོན་ཚན་ཆུང་བཞི་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁ་གཏད་ནས་དུར་མཆོད་དུས་ཆེན་སྔོན་གྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བར་མཛུབ་སྟོན་བྱ་བ་སྤེལ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བའི་འགན་འཁྲི་སྔར་ལས་ནན་མོར་བཏང་།

ཐེངས་འདིའི་འཛུབ་སྟོན་གྱིས་ཁྱབ་ཁོངས་གཙོ་བོ་དང་གོ་རིམ་གཙོ་བོར་དམིགས་ནས་གནད་དོན་དང་མི་འདང་ས་འཚོལ་བ་དང་། དག་ཐེར་དམ་འཛིན་བྱེད་པ་དམིགས་ཡུལ་དུ་བྱས་ཏེ། ཡར་ཞུ་བྱས་པར་ཉན་པ་དང་ཡིག་ཆར་ལྟ་ཀློག་བྱེད་པ། ཡུལ་དངོས་ནས་ལྟ་ཞིབ་བྱེད་པ། མེ་གསོད་རུ་ཁག་གང་རུང་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གཙོ་བོར་གྲོང་ཁྱེར་དང་ཁུལ་སོ་སོས་འགན་འཁྲི་ལག་བསྟར་བྱས་པ་དང་མགོ་ཁུངས་ནས་དོ་དམ་དང་ཚོད་འཛིན་བྱེད་པ། ཉེན་ཁར་གྲལ་བཤེར་བྱེད་པ། དྲིལ་སྒྲོག་སློབ་གསོ་སྤེལ་བ་བཅས་ཕྱོགས་བཞི་ནས་བྱ་བ་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས། དེ་དང་མཉམ་དུ་ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ནགས་ཚལ་དང་རྩྭ་སའི་མེ་དགྲའི་ཉེན་ཁའི་རིམ་པ་བགར་ནས་རྫོང་དང་ཡུལ་ཚོ་ནས་རྒྱུན་སྲིང་རང་བཞིན་གྱིས་མཛུབ་སྟོན་བྱ་བ་སྤེལ། མཛུབ་སྟོན་གོ་རིམ་ཁྲོད། མཛུབ་སྟོན་ཚན་ཆུང་སོ་སོས་ཞིབ་བཤེར་ནན་མོ་བྱས་ནས་མངོན་མེད་ཉེན་ཁར་གཅིག་གཏད་གཅིག་གིས་གསལ་འདེབས་དང་དྲན་སྐུལ་བྱས་པ་དང་། འབུར་ཐོན་གནད་དོན་ཐད་སྐྱོན་བརྗོད་དང་སློབ་གསོ་བཏང་ནས་ལེགས་བཅོས་བྱེད་ཐུབ་པའི་གནད་དོན་སྐོར་ཞིག་ལ་ཡུལ་དངོས་ནས་མཛུབ་སྟོན་དང་ལེགས་བཅོས་བྱས་པ་དང་། གནད་དོན་འབུར་ཐོན་ཡིན་པའམ་གནས་ཚུལ་རྙོག་འཛིང་ཡིན་པར་མི་སྣ་བཀོད་སྒྲིག་བྱས་ནས་ལྟ་སྐུལ་མཛུབ་སྟོན་དང་ལེགས་བཅོས་བྱས།

ལྟ་སྐུལ་མཛུབ་སྟོན་བྱས་པའི་རྗེས་སུ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་མེ་འགོག་མེ་གསོད་གཞུང་སྒྲུབ་ཐིན་གྱིས་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བར་མཐོང་ཆེན་མི་བྱེད་པའམ་འགན་གཡོལ་ཐབས་བྱེད་པའི་ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ཡོངས་བསྒྲགས་བྱས་པ་དང་། མངོན་མེད་ཉེན་ཁ་ཆེན་པོར་སྒོ་བྱང་བཀལ་ནས་ལྟ་སྒྲུབ་བྱས་ནས་མེ་འགོག་གི་གནད་འགག་དུས་སྐབས་སུ་ནགས་ཚལ་དང་རྩྭ་སའི་མེ་འགོག་ཚད་མཐའ་བརྟན་སྲུང་བྱས།

མི་ཕམ་མགོན་པོས་བསྒྱུར།