མཚོ་སྔོན་གྱིས་དུར་མཆོད་དུས་ཆེན་སྐབས་སུ་མེ་འགོག་མེ་གསོད་བདེ་འཇགས་བྱ་བར་བཀོད་སྒྲིག་བྱས།
2024.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས1ཉིན། ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དང་དཔྱིད་དུས་ཀྱི་མེ་སྐྱོན་གནོད་འཚེའི་ཆོས་ཉིད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མེ་འགོག་ཞིབ་བཤེར་དང་མེ་གསོད་རོགས་སྐྱོབ་སྦྱོང་བརྡར་བྱས་པ་དང་ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་མེའི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་ངང་ལས་སྒྲུབ་མཁན་བཀོད་སྒྲིག་བྱས་ཏེ་དུར་མཆོད་དུས་ཆེན་སྐབས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབས།

རིམ་པ་སོ་སོའི་མེ་འགོག་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་བང་སོ་དང་བང་སོ་སོགས་དུར་མཆོད་བྱ་ཡུལ་དང་། དེ་བཞིན་དགོན་སྡེ་དང་རིག་དངོས་གནའ་བོའི་འཛུགས་སྐྲུན་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཆེད་དོན་མེ་འགོག་མེ་གསོད་ཞིབ་བཤེར་བྱས་པ་རེད། དུར་མཆོད་དུས་ཆེན་གྱི་མེ་སྐྱོན་མང་ཆེ་བ་གྲོང་ཁྱེར་ཉེ་འདབས་དང་ནགས་ཁུལ་དང་མེ་འགོག་མེ་གསོད་ཆུ་ཁུངས་དཀོན་པའི་ས་ཁུལ་དུ་ཐོན་པའི་གནས་ཚུལ་ལ་དམིགས་ནས་རིམ་པ་སོ་སོའི་མེ་འགོག་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་གཅིག་སྡུད་དུར་མཆོད་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་མཐའ་འཁོར་གྱི་རི་ཁུལ་ནགས་ཁུལ་སོགས་ལ་རྒྱུས་ལོན་ཤུགས་ཆེར་བཏང་སྟེ་མེ་འགོག་མེ་གསོད་ཆུ་ཁུངས་དང་རང་བྱུང་ཆུ་ཁུངས་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་སྔ་སྣུར་གྱིས་བཟོས་ལ། བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས་སྦྱོང་བརྡར་སྤེལ་བྱས། དེ་དང་མཉམ་དུ་གྲོང་ཁྱེར་དང་ཆུས་ནང་ཁུལ་གྱི་གནས་སྐབས་ཀྱི་དམངས་ཀྱིས་དུར་མཆོད་བྱེད་སར་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་སྐོར་ཞིབ་ལྟ་སྲུང་བྱ་བ་ལེགས་པར་བསྒྲུབས་ནས་ཐོལ་བྱུང་གི་ཉེན་ཁ་རིགས་སྣ་ཚོགས་ཐག་གཅོད་བྱས་པ་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་དུར་མཆོད་བྱེད་སྒོ་སྤེལ་བར་བདེ་འཇགས་དང་འཆམ་མཐུན། གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱས།