མིག་སྔར་ནི་དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་ཀྱི་གནད་འགག་དུས་སྐབས་ཡིན་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་འབྲུ་རིགས་བརྟན་འཇགས་དང་སྣུམ་འཕར་སྣོན་གྱི་འཕེལ་རྒྱས་བསམ་ཕྱོགས་དང་འགུལ་སྐྱོད་ཆེན་པོ་བརྒྱད་བརྒྱུད་དེ་འབྲུ་རིགས་བརྟན་འཇགས་དང་མཁོ་འདོན་ལ་འགན་སྲུངབྱེད་པའི་ལས་འགན་ལ་དམིགས་ནས། དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་ཀྱི་མཐོ་རླབས་ལ་སླེབས་པར་བྱས་པ་དང་། རྫོང་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་བྱ་བར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་ཀྱི་གྲུབ་འབྲས་བཟང་བོས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱས། འཆར་གཞི་ལྟར་ན། ད་ལོར་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་གསུམ་དགུ་བརྒྱ་བཅུ་གསུམ་དང་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་གཉིས་བརྒྱ་དང་དྲུག་ཅུ། སྣུམ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་གཅིག་བཞི་བརྒྱ་རེ་བདུན། གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་ཉིས་བརྒྱ་གྱ་བདུན་བཅས་ཡོངས་འགྲུབ་བྱ་རྒྱུ་རེད།
མདའ་བཞི་རྫོང་གིས་ཁྲོམ་རར་དབྱེ་ཞིབ་དང་དགོས་མཁོའི་སྔོན་དཔག་བྱ་བ་བཟང་བོར་སྒྲུབ་ནས་དཔྱིད་ཀའི་རྨོ་འདེབས་དངོས་ཟོག་གྲབས་གསོག་བྱ་བ་ཕྱོགས་ཡོངས་ནས་སྤེལ། མིག་སྔའི་བར་དུ། ལོ་ཏོག་སོན་བཟང་ཏུན་བདུན་བརྒྱ་གོ་བདུན་གསོག་ཉར་བྱས་པ་དང་རིགས་སོ་སོའི་ལུད་རྫས་ཏུན་ལྔ་བརྒྱ་གཏོང་འདྲེན་གསོག་ཉར་བྱས་ཤིང་། སྐྱེ་ལྡན་ལུད་རྫས་ཏུན་སུམ་སྟོང་ལྔ་བརྒྱ་དང་སྐྱེ་དངོས་ཞིང་སྨན་ཏུན་གཉིས་གྲངས་ཆུང་ལྔ་ཉོ་བསྡུ་བྱས། རིགས་སོ་སོའི་ཞིང་ལས་འཕྲུལ་ཆས་བཞི་བརྒྱ་ལྔ་བཅུར་ཞིབ་བཤེར་ཞིག་གསོ་བྱས་ཤིང་། དེའི་ཁྲོད་འདྲུད་འཐེན་འཁོར་ལོ་གཉིས་བརྒྱ་དང་ལྔ་དང་ཞིང་ལས་འཕྲུལ་ཆས་གཉིས་བརྒྱ་ཞེ་ལྔ་ཡོད་ལ། དཔྱིད་ཀའི་རྨོ་འདེབས་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཐུབ་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།