ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་སོགས་ཁོངས་གཏོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་དུར་མཆོད་དུས་ཆེན་དང་དེ་མིན་ཟླ་བཞི་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་མཉམ་འབྲེལ་གྲོས་མོལ་བྱས།
2024.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས2ཉིན།  ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།   ཞིང་ཆེན་ཡུལ་སྐོར་ཐིན་སོགས་ཁོངས་གཏོགས་སྡེ་ཁག་ཉེར་གསུམ་རྩ་འཛུགས་བྱས་ཏེ་དུར་མཆོད་དུས་ཆེན་དང་དེ་མིན་ཟླ་བཞི་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་མཉམ་འབྲེལ་གྲོས་མོལ་བྱས་ཏེ་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཐོན་སྐྱེད་བདེ་འཇགས་སོགས་ཕྱོགས་ལ་དམིགས་ནས་ཕྱོགས་བསྡུས་ཞིབ་གཅོད་བྱས།

གྲོས་ཚོགས་སྟེང་བསྟན་དོན།    དུར་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ།    མི་སྣ་འགྲོ་འོང་གི་ཚད་མཐོ་བ་དང་དངོས་རྒྱུག་དང་རླངས་འཁོར་རིམ་བཞིན་ཇེ་མང་དུ་འགྲོ་སྲིད་ལ།   དེ་མིན་ཉེ་ལམ་ཞིང་ཆེན་ཡོངས་སུ་ཁངས་ཆར་འབབ་ཚད་མང་ཞིང་། གནམ་གཤིས་ཀྱི་རྒྱུ་རྐྱེན་དབང་གིས་རང་བྱུང་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་ལ།  རིགས་སོ་སོའི་བདེ་འཇགས་ཉེན་ཁ་ཕན་ཚུན་བསྣོལ་མར་འདྲེས་ཡོད་པས་བདེ་འཇགས་འགོག་ཟོན་གྱི་ལས་འགན་ཧ་ཅང་ལྕི།    ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུངགི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ།  ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེར་ཟུང་འབྲེལ་བྱས་ཏེ་སྔོན་ལ་དབྱེ་ཞིབ་བརྡར་གཅོད་དང་ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་སྣོན་པ།    ས་ཁུལ་གཙོ་བོ་དང་ཁེ་ལས་གཙོ་བོ། དུས་རིམ་གཙོ་བོ་ལ་བཅས་དམ་པོར་དམིགས་ནས་དུར་མཆོད་དུས་ཆེན་དང་དེ་མིན་ཟླ་བཞི་པའི་བདེ་འཇགས་འགོག་ཟོན་བྱ་བར་སྔོན་ལ་བཀོད་སྒྲིག་བྱེད་པ།    བདེ་འཇགས་དོན་རྐྱེན་ཆེ་གྲས་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུང་ནས་མི་སྣ་མི་རྨས་ཀྱི་ཚད་ཆེས་ཆེ་བའི་སྒོ་ནས་ཇེ་ཉུང་དུ་གཏོང་བ་དང་།   གནོད་འཚེའི་གྱོང་གུད་དང་ཤུགས་རྐྱེན་ཚད་ཆེན་པོས་ཇེ་ཆུང་དུ་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    འགོ་ཁྲིད་ལས་བྱེད་པས་ལས་གནས་སུ་ཁྲིད་སྟོན་བྱེད་པ་དང་དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཡར་ཞུ་བྱས་ནས་མཉམ་འབྲེལ་གྲོས་མོལ་དང་ཆ་འཕྲིན་མཉམ་སྤྱོད།    མཐུན་སྦྱོར་མཉམ་སྒུལ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དང་དོན་འཁྱོལ་ནན་མོ་བྱེད་དགོས།   ས་ཁུལ་གཙོ་བོ་དང་གནས་གཙོ་བོར་དམིགས་བསལ་སྒྲིག་ཆས་བཀོད་སྒྲིག་ལ་ཤུགས་བསྣན་ནས་ལམ་ཆད་པ་དང་གློག་ཆད་པ།   དྲ་ཆད་པ་སོགས་གནས་ཚུལ་ངན་པའི་འོག་གི་འཕྲལ་བསྟུན་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ་སོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བདེ་འཇགས་གཏན་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།