མཚོ་སྔོན་གྱིས་དངུལ་ལོར་གྱིས་ཁེ་ལས་ཀྱི་ཐཱན་རྩིས་ཐོའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས།
2024.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྷད་མེད་དངུལ་ལོར་དང་སྤོ་སྒྱུར་དངུལ་ལོར་གྱི་ནུས་མཐོའི་རོགས་ལས་མ་ལག་འཛུགས་པ་དང་། དངུལ་ལོར་གྱིས་ཁེ་ལས་ཀྱི་ཐཱན་རྩིས་ཐོའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་དངུལ་ལོར་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་རྟོག་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་སྡེ་ཁག་བར་མཉམ་འབྲེལ་བྱས་ཏེ། དངུལ་ལོར་གྱིས་ཁེ་ལས་ཀྱི་ཐཱན་རྩིས་ཐོའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་ཐཱན་རྩིས་ཐོའི་མ་ལག་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་བདུན་གཏན་འཁེལ་གསལ་བོ་བྱས་ནས། ལྷད་མེད་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་དངུལ་ལོར་གྱི་སྒུལ་ཤུགས་གསར་བ་བསྣན།

ཇུས་གཞི་ལས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་ཐཱན་རྩིས་ཐོའི་ཆ་འཕྲིན་འཚོལ་སྡུད་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། མཚོ་སྔོན་ཞིང་ཆེན་རིག་ནུས་ཐཱན་ཟུང་ལྡན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་ཐཱན་ཕྱིར་གཏོང་ཚད་འཇལ་ཞབས་ཞུ་སྟེགས་བུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་བའི་ཡིད་རྟོན་དངུལ་གསོག་ཞབས་ཞུ་ལྟེ་གནས་ཀྱི་གཞི་གྲངས་མཉམ་སྤྱོད་ཐབས་ལམ་གསར་འབྱེད་བྱེད་པ་དང་། སྣེ་མང་གཞི་གྲངས་འདུས་པའི་ཁེ་ལས་ཀྱི་ཐཱན་རྩིས་ཐོ་འཛུགས་པ། ཁེ་ལས་ཀྱི་ཐཱན་རྩིས་ཐོའི་ཁེབས་ཚད་རྒྱ་བསྐྱེད་པའི་བྱེ་བྲག་གི་བྱེད་ཐབས་བཏོན། ཐཱན་རྩིས་ཐོའི་དཔྱད་འཇོག་མ་ལག་འཛུགས་པ་དང་ཐཱན་ཡིད་རྟོན་སྙན་ཞུ་བྱས་ནས། ཐཱན་གྲུབ་འབྲས་སོགས་ཀྱི་དཔྱད་འཇོག་མ་ལག་འཕེལ་རྒྱས་སུ་གཏོང་བ་དང་། ཐཱན་ཡིད་རྟོན་གྱི་དཔྱད་འཇོག་རྣམ་པ་སྤེལ་བ། ཁེ་ལས་ཀྱི་ཐཱན་ཡིད་རྟོན་སྙན་ཞུ་འདོན་པ་སོགས་ཀྱི་ཐད་ལས་བགོས་གསལ་བོ་བྱས། ས་གནས་ཀྱི་དོན་དངོས་ལ་འཚམ་པའི་སྤོ་སྒྱུར་དངུལ་ལོར་ཚད་གཞི་དང་རྒྱབ་སྐྱོར་རྣམ་གྲངས་གཏན་འབེབས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་དོན་དངོས་ལ་ཟུང་འབྲེལ་བྱེད་པ་དང་། སྤོ་སྒྱུར་དངུལ་ལོར་གྱི་ས་གནས་ཚད་གཞི་དང་རྒྱབ་སྐྱོར་བྱ་འགུལ་གྱི་རྣམ་གྲངས་ཆགས་པར་བྱས་ནས། སྔར་ལས་མང་བའི་མ་དངུལ་གྱིས་ཐཱན་མཐོའི་ལས་རིགས་དེ་ཐཱན་ཉུང་ངམ་ཐ་ན་ཐཱན་མེད་དུ་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས།ཁེ་ལས་ཀྱི་ཐཱན་རྩིས་ཐོའི་དངུལ་ལོར་བེད་སྤྱོད་དང་ཐོན་རྫས་ཞབས་ཞུའི་གསར་གཏོད་ལ་ཤུགས་བསྣན་ཏེ། དངུལ་ལོར་ལས་ཁུངས་ཀྱིས་ཐཱན་ཕྱིར་གཏོང་གི་ཆུ་ཚད་དང་ཐཱན་དཔྱད་འཇོག་གི་གནས་ཚུལ། ཐཱན་ཡིད་རྟོན་སྙན་ཞུ་སོགས་གཞིར་བཟུང་ནས་ཁེ་ལས་ལ་བར་ཁྱད་ལྡན་པའི་དངུལ་ལོར་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ཐཱན་རྩིས་ཐོའི་བརྡ་འཕྲིན་དང་ཐཱན་ཡིད་རྟོན་དཔྱད་འཇོག་སོགས་ལ་འབྲེལ་བའི་ཁྱད་ལྡན་དངུལ་ལོར་ཐོན་རྫས་འདོན་དགོས་ཟེར།

ཇུས་གཞི་ལས་བསྟན་དོན། ཁེ་ལས་ཀྱི་ཐཱན་རྩིས་ཐོའི་དངུལ་ལོར་མ་ཡིན་པའི་ཁྱབ་ཁོངས་ཀྱི་དངོས་བཀོལ་བྱེད་ཐབས་རྒྱ་བསྐྱེད་དེ། ཁེ་ལས་གྱི་ཐཱན་རྩིས་ཐོའི་བྱེད་ནུས་དེ་རིམ་བཞིན་ལྷད་མེད་ཁེ་ལས་དང་ལྷད་མེད་བཟོ་གྲྭའི་དཔྱད་འཇོག་སོགས་ཀྱི་ཐད་རྒྱ་བསྐྱེད་དགོས་པར་མ་ཟད། ཁེ་ལས་ཀྱི་ཐཱན་རྩིས་ཐོའི་ཐཱན་ཚད་གཞིའི་དཔྱད་འཇོག་བྱེད་ཐབས་འཛུགས་པར་འཚོལ་ཞིབ་བྱས་ཏེ། ཕྱིར་གཏོང་ཉོ་ཚོང་རྣམ་པ་ཅན་གྱི་ཁེ་ལས་ཀྱིས་འབྲེལ་ཡོད་ཞབས་ཞུ་བཟང་བོར་བསྒྲུབ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།