མཚོ་སྔོན་གྱི་མི་རིགས་གྱོན་ཆས་ཐོན་ལས་དེ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་མིང་བྱང་གསར་བར་གྱུར།
2024.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས2ཉིན་གསར་འགོད་པས་ཟི་ལིང་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་ཉེར་བཞི་ལོའི་ཐོག་མའི་ཟླ་གཉིས་ཀྱི་ནང་དུ། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ཁྱད་ལྡན་གྱི་གྱོན་ཆས་འབུམ་གཉིས་དང་ཁྲི་བདུན་སྟོང་དགུ་ཕྱིར་གཏོང་བྱས་པ་དང་། རིན་ཐང་སྒོར་ས་ཡ་ལྔ་དང་ཁྲི་གསུམ་ལ་སླེབས་ཡོད། མི་རིགས་གྱོན་ཆས་དེ་མཚོ་སྔོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་ཕྱིར་གཏོང་ཐོན་རྫས་གཙོ་བོར་གྱུར་ཡོད།

མཚོ་སྔོན་གྱི་མི་རིགས་གྱོན་ཆས་ལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཞིང་འཕེལ་རྒྱས་ཐད་ཐུན་མིན་ཁྱད་ཆོས་ལྡན། ཧོར་རིགས་ཀྱི་གཙགས་དྲུབ་དང་ཟ་ལར་རིགས་ཀྱི་མི་རིགས་གྱོན་ཆས་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་གྱོན་ཆས་ཀྱི་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པར་རམ་འདེགས་བྱེད་ཆེད། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་མི་རིགས་ས་ཁུལ་གྱི་ཁེ་ལས་ཀྱི་མཛུབ་སྟོན་དང་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་བ་དང་། རང་འགུལ་གྱིས་ས་གནས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་སྦྲེལ་མཐུད་བྱས་ཏེ། སྒོ་ཁྲལ་ལས་ཁུངས་ཀྱི་མགོ་ཁྲིད་པས་སྲིད་ཇུས་སྒོ་ཁར་སྐྱེལ་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། དུས་ཐོག་ཏུ་ཁེ་ལས་ཀྱི་ཕྱིར་གཏོང་དགོས་མཁོར་རྒྱུས་ལོན་གསལ་བོ་བྱས་པ་དང་། ཐོན་སྐྱེད་བྱེད་སའི་གོང་བདེའི་བྱེད་ཐབས་དང་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་ཁེ་ལས་གཟིགས་སྐྱོང་སོགས་སྲིད་ཇུས་གཏན་འབེབས་བྱས་ཏེ། རྒྱུན་ཆད་མེད་པར་ཐོན་སྐྱེད་བྱེད་སའི་དཔང་ཡིག་གི་རིག་ནུས་དཔྱད་ཞིབ་དང་རང་འགུལ་གྱིས་དཔར་བའི་ཞབས་ཞུའི་རྣམ་པ་ལེགས་སྒྱུར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཐོ་འགོད་དང་དཔང་ཡིག་སྟེར་བ། ཆོག་མཆན་འགོད་པ་སོགས་སྒོ་ཁྲལ་ལས་ཁུངས་ཀྱི་འགྲོ་ལུགས་སྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་བཏང་ཡོད།

མཚོ་སྔོན་ཧཱ་ནེ་ཧྥུའུ་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟིའི་འགན་ཁུར་བ་ཧན་ཞུའེ་ཀྲི་ཡིས་བསྟན་དོན། ང་ཚོའི་ཀུང་ཟིས་ཐོན་སྐྱེད་བྱས་པའི་མི་རིགས་གྱོན་ཆས་ལ་ཧིན་རྡུ་ཉི་ཞི་ཡཱ་དང་མཱ་ལེ་ཞི་ཡཱ། སོ་ཏི་ཨ་རབ་སོགས་ཨེ་ཤ་ཡཱ་ཤར་ལྷོ་དང་དབུས་ཤར་རྒྱལ་ཁབ་དག་གི་ཚོང་རར་དགའ་བསུ་ཐོབ་བཞིན་ཡོད། གནམ་གྲུ་ཐང་གི་སྒོ་ཁྲལ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རྒྱུན་པར་ང་ཚོར་ཕྱིར་གཏོང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ང་ཚོའི་ཆེད་དུ་གཟིགས་སྐྱོང་ཇུས་གཞི་གཏན་འབེབས་བྱས་ནས། ང་ཚོར་ཚོང་དོན་སྡེ་ཁག་ལ་འབྲེལ་གཏུག་བྱས་ནས་ཕྱིར་གཏོང་བྱ་དགའི་སྲིད་ཇུས་ལོངས་སུ་སྤྱོད་དུ་བཅུག་ཡོད་ལ། ང་ཚོས་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་ནས་སྔར་ལས་མང་བའི་མི་རིགས་གྱོན་ཆས་ཕྱིར་གཏོང་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།