ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་རྟེན་གཞི་ཉེར་བཞི་བཙུགས།
2024.04.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་པའི་ལུས་གསོའི་ཐོན་ཁུངས་མཚམས་སྦྱོར་བྱ་རྒྱུ་དེ་འགོ་རྩོམ་ས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པར་རོགས་འདེགས་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་བཟོ་ཚོགས་བར་དུ་བརྗེ་རེས་མཉས་ལས་བྱེད་ཤུགས་རྒྱུན་མཐུད་སྒོས་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་རྟེན་གཞི་ཉེར་བཞི་བཙུགས།

ན་ནིང་གི་ཚོང་གཏམ་གྲོས་ཚོགས་སྐབས་སུ།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཟི་ལིང་དུ་མཛེས་སྡུག་གི་མཚོ་སྔོན་ལ་བསྐྱོད་དེ་སྐྱེ་ཁམས་གསོ་བཅོས་ལ་རོལ་མྱོང་བྱེད་ཅེས་པའི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོའི་ཐོན་ཁུངས་འོས་སྦྱོར་བྱེད་སྒོ་སྤེལ་ནས། པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཧུའུ་ནན། ཨན་ཧོས་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གདན་འདྲེན་ཞུས་ཤིང་། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་བར་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་པ་དང་། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་རྟེན་གཞི་ཉེར་བཞིའི་བར་ལྟ་སྐུལ་དོ་དམ་གྱི་གྲོས་ཆོད་བཀོད་པར་མ་ཟད། ཧྲང་ཧེ་ལས་བཟོ་པའི་ལུས་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

དེ་དང་མཉམ་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཀྲེ་ཅང་ཞིང་ཆེན་གྱི་སྤྱིའི་བཟོ་ཚོགས་དང་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་བར་དུ་ཧུར་ཐག་གིས་མཉམ་འབྲེལ་བྱས་ནས། མཚོ་སྔོན་དེ་ཀྲེ་ཅང་ཞིང་ཆེན་བཟོ་ཚོགས་ཀྱི་ལུས་གསོ་དམིགས་སའི་གྲས་སུ་བཞག་པར་མ་ཟད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ལས་བྱེད་ལས་བཟོ་པའི་ལུས་གསོ་རྟེན་གཞི་བཅུ་བཙུགས། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གཉིས་དང་མཉམ་དུ་ཀྲེ་ཅང་ཞིང་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛེས་པའི་མཚོ་སྔོན། ཡིད་འཕྲོག་མཚོ་ནུབ་ཅེས་པའི་བཟོ་ཚོགས་ཀྱི་ལུས་གསོའི་སྤུས་ལེགས་ལམ་ཐིག་མཚམས་སྦྱོར་གྲོས་ཚོགས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་གྱི་ཡུལ་སྐོར་ཁེ་ལས་རྩ་འཛུགས་བྱས་ནས་ཀྲེ་ཅང་དུ་སྤུས་ལེགས་ལམ་ཐིག་དང་ལྟ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱས་པ་བརྒྱུད། ཀྲེ་ཅང་གི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱི་ལུས་གསོ་བྱེད་མཁན་མི་ཐེངས་འབུམ་གསུམ་དང་ཁྲི་གཉིས་མཚོ་སྔོན་ལ་སོང་ནས་ཡུལ་སྐོར་དང་། ལྟ་སྐོར། ངལ་གསོ་བྱེད་པར་གྲོས་མོལ་བཀོད་སྒྲིག་བྱས་པ་དང་། ཡུལ་སྐོར་ཐོན་ཁུངས་ཀྱི་བར་ཁྱད་རང་བཞིན་བེད་སྤྱོད་གང་ལེགས་བྱས་ཤིང་། མཚོ་སྔོན་དང་ཀྲེ་ཅང་ཞིང་ཆེན་གཉིས་བར་གྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས།

ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་རྟེན་གཞིའི་འཛུགས་སྐྲུན་དང་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་བསྒྱུར་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་ངལ་རྩོལ་དཔེ་ལེགས་པའི་ལུས་གསོ་རྟེན་གཞིའི་དོ་དམ་བྱེད་ཐབས་ལ་ཆེད་དུ་ཞིབ་འཇུག་དང་གཏན་འབེབས་བཟོས་ཏེ། བཟོ་ཚོགས་ཀྱི་ལུས་གསོའི་བྱ་གཞག་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།