མཚོ་སྔོན་གྱི་སྡེ་ཁག་ཉེར་གཅིག་གིས་མཉམ་འབྲེལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་བཏང་།
2024.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན།   ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་།    ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡིས་སྣེ་ཁྲིད་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།   ཞིང་ཆེན་མི་དམངས་ཁྲིམས་ཁང་།   ཞིང་ཆེན་སྤྱི་བདེ་ཐིན།   ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན།   ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་སྡེ་ཁག་ཉེར་གཅིག་གིས་མཉམ་འབྲེལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་ཉོ་ཚོང་བྱེད་པར་རྡུང་རྡེག་བཏང་།

2023ལོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་སོ་སོས་རང་སྡེ་ཁག་གི་དགེ་མཚན་འདོན་སྤེལ་བྱས་ཏེ་བྱ་རིགས་སྲུང་སྐྱོབ་ཐད་ཀྱི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སོགས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་གནོད་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་སྤེལ་བས།   ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་བྱེད་པར་ནུས་ཡོད་ཚོད་འཛིན་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན།

2024ལོར་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱ་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་།  ཕྱོགས་ཡོངས་ལ་ཁེབས་པ་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ།   མཉམ་སྒུལ་མཉམ་བཅོས་ཀྱི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་མ་ལག་དང་རྐྱེན་སྲོལ་འཛུགས་པ།  ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་བྱེད་པར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།   རང་འགན་གཙང་སྒྲུབ་ནན་མོ་བྱས་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་འགན་སྲུང་བྱ་རྒྱུ་རེད།

ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན།   ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནང་རྐྱེན་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་འགལ་བྱ་སྤྱོད་ལ་ནུས་ཡོད་སྒོས་རྡུང་རྡེག་གཏོང་ཆེད།  ད་ལོར་ཁྱབ་ཁོངས་གཙོ་བོ་གཅིག་སྡུད་བྱས་ཏེ་རི་སྐྱེས་སྲོག་ཆགས་གང་བྱུང་དུ་རྔོན་པ་དང་ཁ་ཟས་བྱེད་པ།   གང་འདོད་དུ་རི་སྐྱེས་སྐྱེ་དངོས་འཐུ་བའི་བྱ་སྤྱོད་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་པ་དང་།   ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་རྣམ་པ་སྲུང་འཛིན་བྱེད་པ།    ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་ལ་དམ་དུ་དམིགས་པ།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་བྱེད་ས་དང་དྲ་རྒྱའི་ཁྲོམ་རར་ལྟ་སྲུང་ནན་མོ་བྱེད་པ།   དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཀྱིས་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་དེའི་ཐོན་རྫས་སྐྱེལ་འདྲེན་བྱེད་པར་འགོག་ཟོན་ནན་མོ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་དེའི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ལ་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།