མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེའི་ངལ་རྩོལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་ཞིང་ཆེན་ཕྱི་ནང་ནས་ལས་ཀར་ཞུགས།
2024.04.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། མཚོ་ཤར་གྲོང་ཁྱེར་གྱིས་ཟི་ལིང་དང་མཚོ་ནུབ། མཚོ་བྱང་། ཅང་སུའུ། ཞིན་ཅང་། ཧྲན་ཏུང་། ཀྲེ་ཅང་སོགས་ཞིང་ཆེན་ཕྱི་ནང་དུ་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་སྒྱུར་སྤྲོད་དང་ཕྱིར་གཏོང་བྱས་ཤིང་། ལས་ཞུགས་ཀྱི་ཁ་ཕྱོགས་གཙོ་བོ་ནི་ཟས་རིགས་ལས་སྣོན་དང་བཟོ་སྐྲུན་ལས་རིགས། འཛུགས་སྐྲུན་ལས་རིགས་། སྡོད་གནས་དང་བཟའ་བཏུང་། འགྲིམ་འགྲུལ་བདེ་འཇགས་སོགས་ཐོན་ལས་གཉིས་པ་དང་གསུམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཤར་ནུབ་རྒྱུད་མཉམ་ལས་རོགས་རེས་ལ་ཟུང་འབྲེལ་བྱས་ནས། ཕྱོགས་མང་པོ་ནས་ཝུའུ་ཞི་གྲོང་ཁྱེར་གྱི་ཁེ་ལས་ཀྱིས་ལས་མི་བཀོལ་བའི་ཆ་འཕྲིན་བསྡུ་གསོག་དང་སྒྲོག་སྤེལ་བྱས་པ་དང་།  མི་ཐེངས་ཁྲི་བཞི་དང་སྟོང་བཞིའི་ངལ་རྩོལ་པ་རྩ་འཛུགས་དང་ཕྱིར་གཏོང་བྱས་ཤིང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ལ་འབྲེལ་འདྲིས་བྱས་ནས་ལས་མི་བཀོལ་བའི་འབྲེལ་འདྲིས་སྟེགས་བུ་བསྐྲུན་ཏེ། ཞིང་ཆེན་ཕྱི་རོལ་དུ་ཞིང་པ་ངལ་རྩོལ་པ་མི་ཐེངས་ཁྲི་ལྔ་དང་སྟོང་གསུམ་སྐྱེལ་འདྲེན་བྱས་པ་དང་། མཚོ་ཤར་ཧོང་ཧྲི་གློག་འདྲེན་ཕྱེད་གཟུགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཀྲུང་ཐེ་ཆིན་ཏོན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་ཟི་སོགས་ལས་མི་བཀོལ་བའི་ཁེ་ལས་གཙོ་བོར་སོང་ནས། ཁེ་ལས་གཙོ་བོ་བདུན་ལ་མི་ཉིས་བརྒྱ་ཉེར་དྲུག་སྐྱེལ་འདྲེན་བྱས། ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གཅིག་སྡུད་བདེ་སྡོད་ཁུལ་དང་། ས་ཞིང་ཤོར་པའི་ཞིང་པ་གཅིག་སྡུད་བདེ་སྡོད་ཁུལ་ནས་དཔྱིད་དཔལ་འགུལ་སྐྱོད་དང་ཉིན་བརྒྱའི་སྟོང་ཁྲི་དྲ་རྒྱའི་བསྡུ་འགུག་ཅེས་པའི་བྱེད་སྒོ་སྤེལ་ཏེ། ཉིན་རེར་ལས་གནས་ཡོད་པ་དང་གཟའ་འཁོར་རེར་ཐད་གཏོང་ཡོད་པ། ཟླ་རེར་བསྡུ་འགུག་ཡོད་པར་བྱས་པ་དང་། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་ཞུགས་ཞབས་ཞུའི་བྱ་བའི་ཆེད་ཚན་བཙུགས་ནས། འཛུགས་སྐྲུན་འཕྲུལ་ཆས་རིགས་ཀྱི་ལག་རྩལ་གསོ་སྦྱོང་ལ་ཞུགས་མཁན་མི་སྟོང་གཉིས་དང་བརྒྱ་ཡོད་ལ། ཁེ་ལས་ཀྱིས་ལས་མི་བརྒྱད་བརྒྱ་དོན་བརྒྱད་བཀོལ་སྤྱོད་བྱས་ཤིང་། རྒུད་གསབ་ལས་སྤྲོད་ཀྱིས་ས་གནས་དེའི་སྡོད་དམངས་མི་སྟོང་གཅིག་བརྒྱད་བརྒྱ་དོན་དྲུག་སྡུད་ལེན་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་གཅིག་དང་ཉིས་བརྒྱ་དང་དགུ་གསར་སྤེལ་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་སྔ་ཙམ་ནས་ལས་ཞུགས་བྱེད་ཐུབ་པར་རོགས་ཤུགས་བཏོན།

ཐབས་ལམ་རྒྱ་བསྐྱེད་པ་དང་ལག་རྩལ་མཐོར་འདེགས་གཏོང་བ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་ཐད་ཤུགས་འདོན་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་གནས་གཞན་ནས་ལས་ཞུགས་བྱེད་འདོད་ཡོད་པའི་ཞིང་སྡེའི་ངལ་རྩོལ་པ་དང་། ཁྱིམ་ལ་ལོག་པའི་ཞིང་པ་ངལ་རྩོལ་པ། དབུལ་ཐར་ཁྱིམ་ཚང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཀྱི་ཚོགས་པར་གཞིགས་ནས། ལས་ཞུགས་རེ་འདོད་ལ་གྲལ་བཤེར་ཟབ་མོ་བྱས་པ་དང་། ངལ་རྩོལ་པའི་ལག་རྩལ་གསོ་སྦྱོང་དང་ཁེ་ལས་ཀྱིས་ལས་མི་བཀོལ་བའི་དགོས་མཁོ། གསོ་སྦྱོང་ལས་ཁུངས་ཀྱི་དགེ་རྒན་དཔུང་སྡེའི་སྟོབས་ཤུགས་བཅས་ལ་ཞིབ་བཤེར་བྱས་ཏེ། གསོ་སྦྱོང་འཆར་གཞི་དོན་འཁྱོལ་བྱས་པར་མ་ཟད། ལས་རིགས་ལག་རྩལ་རིམ་པའི་གདེང་འཇོག་བརྒྱུད་ནས་ལག་རྩལ་གསོ་སྦྱོང་གི་ཕན་ནུས་མཐོར་འདེགས་སུ་བཏང་བ་དང་། ངལ་རྩོལ་ནུས་ཤུགས་རིམ་ལྡན་སྒོས་ལས་ཞུགས་ལ་གཞན་སྒྱུར་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། མཚོ་ཤར་གྲོང་ཁྱེར་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པ་མངོན་འགྱུར་བྱུང་།

ལྷ་མོ་འཚོས་བསྒྱུར།