ད་ལོའི་ཟླ་དང་པོ་དང་གཉིས་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མགྱོགས་མྱུར་ངང་འཕར།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོང་དོན་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། 2024ལོའི་ཟླ་དང་པོ་ནས་གཉིས་པའི་བར་དུ། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་ཚད་བསྡོམས་རྩིས་བྱས་ན་མི་དམངས་ཤོག་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་དགུ་ཐེར་འབུམ་གཅིག་བྱེ་བ་བདུན་ལ་སླེབས་ཡོད་ཅིང་། བསྡོམས་འབོར་དེ་ནི་དུས་ཡུན་སྔོན་མ་ལས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་བརྒྱད་འཕར་ཡོད།

ཡུལ་སྐོར་ཞབས་ཞུའི་འཕར་ཚད་མངོན་གསལ་ཅན་དུ་ཕྱིན་ཡོད། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་དུ། ཡུལ་སྐོར་ཞབས་ཞུ་མུ་མཐུད་མགྱོགས་མྱུར་ངང་འཕར་ནས། ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་ཚད་བསྡོམས་རྩིས་བྱས་ན་སྒོར་ཁྲག་ཁྲིག་གསུམ་ཐེར་ཆེན་གཅིག་ཐེར་འབུམ་བདུན་དུང་ཕྱུར་དགུ་བྱེ་བ་གསུམ་ལ་སླེབས་ཡོད་ཅིང་། བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་བརྒྱད་འཕར་ཏེ། ཞབས་ཞུའི་ཚོང་དོན་གྱི་ཁྱབ་ཁོངས་ཆེ་ཤོས་སུ་གྱུར་ཡོད།

ཤེས་བྱ་སྣ་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་དུ། ཤེས་བྱ་སྣ་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་ཚད་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་དྲུག་ཐེར་འབུམ་བཞི་དུང་ཕྱུར་བརྒྱད་བྱེ་བ་བདུན་ལ་སླེབས་ཡོད་ཅིང་། བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གཉིས་འཕར་ལ། དེའི་ནང་། ཤེས་བྱ་སྣ་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་འཕར་སྣོན་ཅུང་མགྱོགས་པའི་ཁྱབ་ཁོངས་སུ། ཤེས་བྱའི་བདག་དབང་བཀོལ་སྤྱོད་གྲོན་དངུལ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་བཅས་ཚུད་ཡོད། ཤེས་བྱ་སྣ་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་འཕར་སྣོན་ཅུང་མགྱོགས་པའི་ཁྱབ་ཁོངས་སུ། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་ཚུད་ཡོད་ཅིང་། དེའི་འཕར་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་ལྔ་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།