མདོ་དབུས་མཐོ་སྒང་གི་སྐྱེ་དངོས་རིགས་སྣའི་ཐོན་ཁུངས་མཛོད་ལ་ཐོག་མའི་གཞི་རྒྱ་དང་ཕན་འབྲས་ཐོན།
2024.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཉེ་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་རིག་སྣའི་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱེད་པའི་ལས་གཞིར་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། མདོ་དབུས་མཐོ་སྒང་གི་རིགས་སྣའི་ཐོན་ཁུངས་སྲུང་སྐྱོབ་དང་གསལ་འབྱེད་དཔྱད་འཇོག མཉམ་སྤྱོད་བཅས་ཀྱི་ཐད་རྨང་གཞི་བཏིངས་ཡོད།

ལས་གཞི་དེ་ཞིང་ཆེན་ཚན་རྩལ་ཐིན་མཐོ་སྒང་སྐྱེ་དངོས་ལག་རྩལ་གསར་གཏོད་སྤོ་སྒྱུར་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་དང་གསར་གཏོད་སྟེགས་བུ་ལ་བརྟེན་ནས་འཛུགས་སྐྲུན་གསོ་སྤེལ་བྱས་པའི་ཆེད་དོན་ལས་གཞི་ཡིན་པ་དང་། ཀྲུང་གོའི་ཚན་རིག་སློབ་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་འགན་ལེན་བྱས་ཡོད་ཅིང་། དཔེ་དབྱིབས་དོ་དམ་དང་ཚན་སྡེབ་ཚད་འཇལ། གཞི་གྲངས་དབྱེ་ཞིབ། ཆ་འཕྲིན་མཉམ་སྤྱོད། སླར་གསོ་གསར་སྒྱུར་བཅས་བྱེད་ནུས་སྟེགས་བུ་ཆེན་མོ་ལྔ་བཙུགས་པ་དང་། རང་འགུལ་ཅན་གྱི་དྲོད་ཚད་དམའ་བའི་གསོག་ཉར་མཛོད་དང་དྲོད་ཚད་དམའ་བའི་དུས་ཡུན་རིང་བོའི་གསོག་ཉར་མཛོད། སྐྱེ་དངོས་ཀྱི་གསོན་དཔེ་མཛོད། སྲོག་ཆགས་ཀྱི་གསོན་དཔེ་མཛོད། ཉ་རིགས་ཀྱི་ཐོན་ཁུངས་མཛོད། སྨན་རྩྭའི་རིགས་དགར་དང་མཉམ་བསྲེས་ཐོན་ཁུངས་མཛོད། སྐྱེ་དངོས་མཛོད་བཅས་ལས་པ་དང་། དཔྱད་ཆས་ཆེ་གྲས་བཅོ་བརྒྱད་ཁ་སྣོན་བྱས་པར་མ་ཟད། ཚོད་ལྟ་ཁང་གི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་བརྒྱད་ཅུ་ཡིན་ལ། རིགས་སྣའི་ཐོན་ཁུངས་ཁྲི་ལྔ་ལྷག་ཉར་འཇོག་བྱས་ཡོད་པས། ཕན་ནུས་ལྡན་པའི་སྒོ་ནས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་རིགས་སྣའི་ཐོན་ཁུངས་ཀྱི་གསོག་ཉར་ནུས་པ་མཐོར་འདེགས་བྱས་ཡོད།

མདོ་དབུས་མཐོ་སྒང་གི་སྐྱེ་དངོས་རིགས་སྣའི་ཐོན་ཁུངས་མཛོད་ཁང་འཁོར་སྐྱོད་བྱས་པའི་ཚུན་ལ། གསའ་དང་དྲེད་མོང་། སྤྱང་ཀི འབྲོང་། མཚོ་སྔོན་པོའི་གསེར་ཉ་སོགས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རིགས་སྣ་བཅུ་དགུའི་རྒྱུད་རྒྱུར་རྟོག་ཞིབ་དབྱེ་ཞིབ་བྱས་ནས། གསའ་དང་སྤྱང་ཀི རི་ཁྱི། འབྲོང་དང་ནོར་གནག རྐྱང་དང་བོང་བུ། ཉ་རིགས་བཅས་སྲོག་ཆགས་རིགས་ལྔའི་འཕེལ་འགྱུར་ལོ་རྒྱུས་དང་ཁྱུ་ཚོགས་འགུལ་རྣམ་ལ་བདེ་བླག་ངང་དབྱེ་ཞིབ་བྱས་ནས། མདོ་དབུས་མཐོ་སྒང་གི་སྲོག་ཆགས་རྒྱུད་རྒྱུའི་གཞི་གྲངས་མཛོད་གསར་དུ་ལས། མིག་སྔར་གཞི་གྲངས་མཛོད་དུ་བསྡུ་ཉར་བྱས་པའི་སྲོག་ཆགས་ཀྱི་རྒྱུད་རྒྱུའི་གཞི་གྲངས10TBལས་བརྒལ་ཡོད་ལ། རྩེ་ཁོག་གི་ལུག་དང་རྨ་སྟོད་ཀྱི་ལུག གཅིག་སྒྲིལ་གྱི་ནོར། རྩྭ་སྨན་སོགས་མཐོ་སྒང་རི་སྐྱེས་སྐྱེ་དངོས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་གསར་སྤེལ་དང་སྲུང་སྐྱོབ། བཀོལ་སྤྱོད་སོགས་ལ་རོགས་འདེགས་བྱས་ཡོད།

སྐྱེ་དངོས་རིགས་སྣའི་ཐོན་ཁུངས་མཛོད་ཀྱིས་སྔ་གཞུག་ཏུ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་དང་རང་བྱུང་ཚན་རིག་ཐེབས་རྩའི་ས་ཁོངས་གསར་གཏོད་འཕེལ་རྒྱས་མཉམ་འབྲེལ་ཐེབས་རྩའི་ལས་གཞི་གཙོ་བོ། ཀྲུང་གོའི་ཚན་རིག་གླིང་ནུབ་ཕྱོགས་ཀྱི་འོད་སྣང་ཞེས་པའི་འཇོན་མིའི་གསོ་སྐྱོང་ལས་གཞི་སོགས་བརྩོན་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་དངོས་ཀྱི་རིགས་སྣའི་ཐོན་ཁུངས་འཚོལ་སྡུད་དང་གསོག་ཉར་ལག་རྩལ་གསར་སྤེལ་བྱེད་པ་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས། དེའི་ཞོར་དུ་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་རིགས་སྣའི་ཐོན་ཁུངས་མཛོད་ཀྱིས་བཙུགས་པའི་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་དང་སྲོག་ཆགས་ཀྱི་གནོད་ཐེབས་གསལ་འབྱེད་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས།


བསོད་ནམས་ཚེ་རིང་གིས་བསྒྱུར།