ཡུས་ཧྲུའུ་ཁུལ་གྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་གནས་གཞན་དུ་སྨན་བཅོས་བྱས་པར་སྡོམ་རྩིས་རྒྱག་ཚད་བརྒྱ་ཆའི་གྱ་གཅིག་ལ་སླེབས།
2024.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས6ཉིན། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་དོན་ཞབས་ཞུའི་གཅིག་ཐོག་གི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་འདེགས་ཞུ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་སྐྱིད་སྣང་ཇེ་ཆེར་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་མཐོར་འདེགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཁོངས་ཡོངས་སུ་གཅིག་གྱུར་གྱིས་སྒྲུབ་པའི་གསལ་ཁྲ་བཟོས་ནས་སྒྲུབ་གཉེར་བྱེད་པའི་ལས་རིམ་དང་རྒྱུ་ཆ། སྒྲུབ་པའི་དུས་ཚོད་སོགས་མུ་མཐུད་དུ་ལེགས་སྒྱུར་དང་གཅིག་གྱུར་བྱས་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣར་སྒྲུབ་གཉེར་ས་ཚིགས་སུ་གཅིག་འཐུས་ཞབས་ཞུ་དང་གཅིག་འཐུས་དྲ་མིག་གི་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག མིག་སྔར་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ལས་དོན་རིགས་ཉེར་བརྒྱད་ཁོངས་ཡོངས་ནས་སྒྲུབ་གཉེར་བྱས་ཆོག་པ་དང་། སྨན་བཅོས་འགན་སྲུང་སྒྲུབ་གཉེར་ལས་དོན་གྱི་བརྒྱ་ཆའི་བཞི་བཅུ་ཟིན། ཁུལ་ཁོངས་བརྒལ་བའི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ལས་རིམ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། ནད་པ་ལྕི་མོ་དང་ས་གནས་གཞན་དུ་ལས་ཀ་ལས་པའི་སྐབས་སུ་གློ་བུར་དུ་ནད་ཕོག་ནས་ཞག་སྡོད་བྱས་པ་སོགས་ཁུལ་ཁོངས་བརྒལ་བའི་སྨན་ཁང་དུ་བསྡད་པའི་སྨན་རིན་སྡོམ་རྩིས་དེ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཞབས་ཞུའི་སྟེགས་བུAppདང་མཚོ་སྔོན་སྨན་བཅོས་འགན་སྲུངAppཡི་དྲ་ལམ་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་བཞིན་པ་ཐོ་འགོད་བྱས་ཆོག་ལ། ཡང་ན་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ས་གནས་ཀྱི་ལས་ཁུངས་ལ་ཁ་པར་བཏང་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་བཞིན་པ་ཐོ་འགོད་བྱས་ཆོག མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་ནས་ཁུལ་ཁོངས་བརྒལ་ནས་སྨན་བཅོས་འགན་སྲུང་མཉམ་འབྲེལ་དྲ་བའི་སྡོམ་རྩིས་ཀྱི་གཏན་ཁེལ་སྨན་བཅོས་ལས་ཁུངས་སུ་ཁུལ་ཁོངས་བརྒལ་ནས་ས་གནས་གཞན་དུ་ཞག་སྡོད་བྱས་པ་ཐད་ཀར་སྡོམ་རྩིས་བྱས་ཆོག་པ་མངོན་འགྱུར་བྱུང་ལ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་ས་གནས་གཞན་དུ་སྨན་བཅོས་བྱས་པ་ཐད་ཀར་སྡོམ་རྩིས་བྱས་ཚད་བརྒྱ་ཆའི་གྱ་གཅིག་ཏུ་སླེབས། མིག་སྔའི་བར་དུ་དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཉིན་བཅོ་ལྔའི་ནང་དུ་ཞག་སྡོད་སྨན་རིན་རྩིས་སྤྲོད་བྱེད་ཐུབ་པར་འགན་སྲུང་བྱས།

མི་ཕམ་མགོན་པོས་བསྒྱུར།