ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་བརྟན་འཇགས་རེད།
2024.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བདེ་འཇགས་དོགས་ཟོན་དང་འཕྲལ་བསྟུན་ཐག་གཅོད་ཀྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ། གུང་གསེང་གི་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱས། ཟླ4པའི་ཚེས7ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་བར་དུ།  ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཞིང་། མི་རྐྱེན་ལམ་དུ་ཤོར་བ་དང་ཤུགས་རྐྱེན་ཆེ་བའི་མེ་སྐྱོན་དོན་རྐྱེན་མ་བྱུང་།

གུང་གསེང་གིསྐབས་སུ། མེ་འགོག་མེ་གསོད་སྡེ་ཁག་གིས་མེ་སྐྱོན་གྱི་ཉེན་ཁར་འགུལ་རྣམ་དབྱེ་ཞིབ་དང་བརྡར་གཅོད་བྱས་ནས། ཁ་གཏད་རང་བཞིན་གྱི་མེ་འགོག་མེ་གསོད་བདེ་འཇགས་དོགས་ཟོན་བྱ་བ་བཀོད་སྒྲིག་བྱས། དུས་ཆེན་སྐབས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ཉེན་ཁར་གྲལ་བཤེར་དང་སྒྲིག་བཅོས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དུར་ས་དང་བང་སོའི་སྐྱེད་ཚལ། དགོན་པ།  རིག་དངོས་དང་གནའ་བོའི་བཟོ་བཀོད།  ཡུལ་སྐོར་ལྗོངས་ཁུལ་སོགས་གནས་ཡུལ་གྱི་མེ་འགོག་མེ་གསོད་བདེ་འཇགས་ལ་ཞིབ་བཤེར་བྱས།  གཙོ་བོ་མེ་འགོག་མེ་གསོད་སྒྲིགཆས་ལ་སྐྱོན་ཡོད་མེད་དང་། མེ་འགོག་མེ་གསོད་ཀྱི་ལས་རེས་མི་སྣ་ལས་གནས་སུ་ཡོད་མེད། ཁྲིམས་འགལ་གྱིས་མེ་བཀོལ་བཞིན་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཁག་གིས་ལས་ཁུངས་བརྒྱ་དང་བཞི་ལྷག་ལ་ཞིབ་བཤེར་བྱས་ཤིང་། མེ་འགོག་མེ་གསོད་ཀྱི་འགལ་རྐྱེན་བརྒྱ་དང་རེ་གཅིག་མཐོང་བ་དང་། ཡུལ་དངོས་ནས་མེ་སྐྱོན་གྱི་འགལ་རྐྱེན་དོན་བརྒྱད་ལ་དག་ཐེར་དང་ལེགས་བཅོས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། གུང་གསེང་གི་སྐབས་སུ་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཁག་ལ་ཉེན་བརྡ་ཐེངས་སོ་དྲུག་འབྱོར་ནས་ཡུལ་དངོས་སུ་སོང་ཞིང་། དེའི་ནང་མེ་སྐྱོན་ཉེན་བརྡ་ཐེངས་ཉེར་དྲུག་དང་ཉེན་སེལ་རོགས་སྐྱོབ་ཉེན་བརྡ་ཐེངས་བཅུ་འབྱོར། མེ་འགོག་མེ་གསོད་མྱུར་སྐྱོབ་མི་སྣ་བཞི་བརྒྱ་ཉེར་གསུམ་མངགས་པ་དང་། མེ་འགོག་མེ་གསོད་མྱུར་སྐྱོབ་རླངས་འཁོར་གོ་ལྔ་མངགས། ས་གནས་སོ་སོ་ནས་ལས་འགན་སྒྲུབ་ས་བཅུ་དགུ་བཙུགས་པ་དང་། འགན་སྒྲུབ་མི་སྣ་བརྒྱ་དང་ཞེ་གཉིས་དང་མེ་གསོད་རླངས་འཁོར་སོ་གསུམ་མངགས་གཏོང་བྱས་པ་དང་། ཁུལ་ཁོངས་གཙོ་བོ་ནས་སྐོར་སྐྱོད་སྐོར་སྲུང་དང་ཡུལ་དངོས་ལྟ་སྲུང་དོན་འཁྱོལ་བྱས་ཏེ། ཉེན་ཁ་མཐོང་ན་དུས་ཐོག་ཏུ་མྱུར་སྐྱོབ་བྱས་ནས་ཉེན་ཁ་ཇེ་ཆུང་དུ་གཏོང་བར་ཁག་ཐེག་བྱས།

ལྷ་མོ་འཚོས་བསྒྱུར།