མཚོ་ཤར་གྲོང་ཁྱེར་མིན་ཧི་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ཀྱི་བཟོ་སྐྲུན་རྒྱུ་ཆའི་མཁོ་འདོན་འདང་ངེས་དང་རིན་གོང་བརྟན་འཇགས་ཡོང་བར་འགན་སྲུང་བྱས།
2024.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཟླ་འགོར།   མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་དང་ཀྲུང་ཁྲོན་སོགས་ས་ཡོམ་གནོད་ཁུལ་དུ་གནོད་རྗེས་བསྐྱར་འཛུགས་ཀྱི་བྱ་བ་ཚ་ཆ་འུར་འུར་གྱིས་སྤེལ་བཞིན་ཡོད།   དེ་བས།  མིན་ཧི་རྫོང་གིས་འཕེལ་རིམ་དང་སྤུས་ཚད་དམ་འཛིན་བྱས་ཏེ་གནོད་རྗེས་བསྐྱར་འཛུགས་ཀྱི་བཟོ་སྐྲུན་རྒྱུ་ཆའི་མཁོ་འདོན་འདང་ངེས་དང་རིན་གོང་བརྟན་འཇགས་ཡོང་བར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བ་འགོ་བརྩམས་པའི་ཚུན་ལ།  མིན་ཧི་རྫོང་གིས་ལས་བགོས་རྫོང་དཔོན་གཞོན་པ་ཚན་གཙོ་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་ཁོངས་མི་ཡིན་པའི་འགོ་ཁྲིད་བྱ་བའི་ཆེད་དོན་ཚན་ཁག་བཙུགས་ཏེ་རྫོང་ཡོངས་ཀྱི་ངར་ལྕགས་རྒྱུ་ཆ་དང་ཨར་འདམ།  ཤེལ་སྒོ་སོགས་ཚོང་གཉེར་ཁེ་ལས་ཀྱི་ཐོན་རྫས་གཙོ་བོའི་རིགས་དང་ཚད་གཞི།    གསོག་ཉར་གྱི་མང་ཉུང་།   ཕྱིར་འཚོང་རིན་གོང་སོགས་ལ་རྟོག་བཤེར་ཞིབ་མོ་བྱས་པ་དང་།  རྫོང་ཡོངས་ཀྱི་བཟོ་སྐྲུན་རྒྱུ་ཆའི་ཐོན་རྫས་གཙོ་བོའི་གྲབས་གསོག་རྩིས་ཁྲ་བཙུགས་ནས་གནོད་ཁུལ་བསྐྱར་འཛུགས་ཀྱི་དངོས་པོའི་དགོས་མཁོར་འགན་སྲུང་གང་ལེགས་བྱས་པ་དང་།  སྤུས་ལེགས་དང་རིན་གོང་བདེ་མོའི་མཁོ་འདོན་ལ་འགན་སྲུང་བྱས།  མིག་སྔར། རྫོང་ཡོངས་སུ་ཨར་འདམ་དང་ངར་ལྕགས་རྒྱུ་ཆ།  བྱེ་རྡོ་སོགས་བཟོ་སྐྲུན་རྒྱུ་ཆ་གཙོ་བོ་འདང་ངེས་ཡོད་པ་དང་རིན་གོང་བརྟན་འཇགས་ཡིན།

བཟོ་སྐྲུན་རྒྱུ་ཆའི་སྤུས་ཚད་ལ་འགན་ལེན་བྱེད་ཆེད།  མིན་ཧི་རྫོང་གི་ཚོང་དོན་དང་ཁྲོམ་རའི་ལྟ་སྐུལ།  སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་ཨར་འདམ་དང་སོ་ཕག་དམར་པོ།  གློག་སྐུད་སོགས་བཟོ་སྐྲུན་རྒྱུ་ཆ་དང་མཛེས་སྤྲས་རྒྱུ་ཆའི་བདག་གཉེར་ཁེ་ལས་གཙོར་བཟུང་ནས་སྤུས་ཚད་དང་རིན་གོང་ཐད་ལྟ་སྐུལ་ཞིབ་བཤེར་ཐེངས་མང་པོ་བྱས་ནས་ཐོན་སྐྱེད་ཁེ་ལས་ཀྱིས་རིན་གོང་གསལ་བོ་བྱེད་པ་དང་སྤུས་ཚད་ལ་དོ་དམ་ཚོད་འཛིན་བྱེད་པའི་གཙོ་གཞིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པར་ཡར་སྐུལ་བྱས་པ་དང་།  ཚོང་ཟོག་ནང་འདྲེན་གྱི་ཞིབ་བཤེར་ལམ་ལུགས་བཙུགས་པར་མ་ཟད་དེ་ལག་བསྟར་ནན་མོ་བྱས་ཏེ་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁ་མེད་པར་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།