ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བྱེད་ཐབས་མང་བོ་བཏོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད་ཀྱི་སློབ་སྦྱོང་བེད་སྤྱོད་ཁྱབ་གདལ་དུ་བཏང་།
2024.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད་པར་འགྲེམ་བྱས་རྗེས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་རྣམ་བཤད་དེ་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བ་དེ་ཞིང་ཆེན་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་བྱ་བའི་ཁྲོད་བཞག་པ་དང་། བྱེད་ཐབས་མང་བོ་སྤྱད་ནས་སློབ་སྦྱོང་དང་བེད་སྤྱོད་བྱ་བར་སྐུལ་འདེད་བཏང་།

རྣམ་བཤད་ཀྱི་བསླབ་གཞི་ནི་ཕྱོགས་ཡོངས་ནས་མ་ལག་ལྡན་པའི་སྒོ་གནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་རྒྱས་བཤད་བྱེད་པའི་གཅིག་བསྡུས་རྩོམ་སྒྲིག་བྱས་པའི་བསླབ་གཞི་ཞིག་ཡིན་པ་དང་། བསམ་བློའི་ཆབ་སྲིད་སློབ་གསོའི་ཁྱད་ཆོས་ལྡན་པའི་སྤྱི་བའི་བསླབ་གཞི་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་རྒྱུས་རྒྱུ་ཆའི་མ་ལག་དང་གཞུང་ལུགས་མ་ལག་གི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད་ཀྱི་ཐོན་ཁུངས་ལྟེ་གནས་སུ་ཕྱོགས་བསྡུས་གསར་འགྱུར་དང་ཆེད་མཁས་པའི་འཆད་ཁྲིད། བསླབ་ཚན་ཐོན་ཁུངས། བསླབ་ཚན་དཔེ་མཚོན་བཅས་ནང་དོན་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་ཕྱོགས་བསྡུས་གསར་འགྱུར་དང་ཆེད་མཁས་པའི་འཆད་ཁྲིད་ལས་གཙོ་བོ་ཡོངས་བསྒྲགས་ཀྱིས་སྤེལ་བའི་སྲིད་ཇུས་ཡིག་ཆ་དང་གསུང་བཤད་གལ་ཆེན། གཞུང་ལུགས་རྩོམ་ཡིག ཆེད་མཁས་པའི་འཆད་ཁྲིད་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་དྲིལ་སྒྲོག་དང་རྒྱས་འགྲེལ་བྱས་ཡོད། བསླབ་ཚན་ཐོན་ཁུངས་ནང་གཙོ་བོ་དགེ་རྒན་གྱི་དཔེ་མཚོན་སློབ་ཁྲིད་དང་སློབ་ཁྲིད་ནང་དོན། ཟུར་ཁྲིད་བརྙན་རིས། དོན་རྐྱེན་དཔེ་གཞི་སོགས་ལ་བརྟེན་ནས། མཉམ་སྤྱོད་བསླབ་ཚན་ཐོན་ཁུངས་སུ་བཀོལ་བ་དང་བསླབ་ཚན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ཐོན་ཁུངས་ལྟེ་གནས་སུ་བསླབ་ཚན་ཐོན་ཁུངས་འཚོལ་སྡུད་དང་དགེ་རྒན་གྱི་སློབ་ཁྲིད་འགྲན་སྡུར། བྱེ་བྲག་གི་སློབ་ཁྲིད་གྲ་སྒྲིག་དང་དཔྱད་གླེང་སོགས་ཀྱི་བྱ་འགུལ་སྟེགས་བུ་བཀོད་སྒྲིག་བྱས་ཏེ། གཞི་གཅིག་ཏུ་རྣམ་དཔྱད་ཀྱི་བསླབ་ཚན་དང་བསླབ་གཞི། དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་དཔྱད་ཀྱི་ཐོན་ཁུངས་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱས་རྗེས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ས་ཁུལ་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཁོངས་གཏོགས་སྡེ་ཁག་སོ་སོས་དུས་ལྟར་ཐོ་འགོད་བེད་སྤྱོད་བྱེད་དགོས་པའི་རེ་བ་བཏོན་པ་དང་། དུས་མཉམ་དུ་ས་ཁུལ་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་གི་བསླབ་ཚན་ཐོན་ཁུངས་ཁྱབ་གདལ་བེད་སྤྱོད་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།