གྲོང་ཁྱེར་དང་རྫོང་གི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭ་འཚོགས།
2024.04.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་གྱི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་སྲིད་ལས་བྱེད་པ་གཙོ་བོ་སོ་བརྒྱད་ཀྱིས་དུས་ཡུན་ཉིན་ལྔའི་རིང་གི་གཅིག་སྡུད་གསོ་སྦྱོང་བྱ་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་གྱི་དོན་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་མ་ཚོར་རང་རང་ལ་འཚམ་པའི་སྤུས་ཚད་མཐོ་ལ་རིམ་པ་མཐོ་བའི་མུ་འབྲེལ་ཆེད་དོན་བསླབ་ཚན་བཀོད་སྒྲིག་བྱེད་ཅིང་། མིང་གྲགས་ཅན་གྱི་ཆེད་མཁས་པ་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་གདན་འདྲེན་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པའི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་རྒྱས་བཤད་གལ་ཆེན། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་གྲུབ་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལྡབ་གསུམ་འཕར་གང་ཐུབ་བྱེད་པ། དྲ་རྒྱའི་གླེང་ཚུལ་ཇི་ལྟར་ནུས་ལྡན་སྔོན་འགོག་དང་ཐག་གཅོད་འོས་འཚམ་བྱེད་པ་སོགས་ཀྱི་བསླབ་ཚན་འཆད་ཁྲིད་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་བཀོད་སྒྲིག་བྱས་ནས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། འགོ་ཁྲིད་ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དོན་ལ་གཞིགས་ཏེ་སློབ་ཁྲིད་བྱེད་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་གིས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་གཉིས་ཟུང་འབྲེལ་དང་། སློབ་ཁྲིད་རྣམ་པ་དང་དཔེ་གཞིའི་རྣམ་པ། བརྙན་ལམ་སློབ་ཁྲིད། ཚན་ཆུང་གྲོས་བསྡུར་སོགས་སློབ་ཁྲིད་བྱེད་ཐབས་རིགས་མང་པོ་སྤྱད་ཅིང་། རང་སྦྱོང་དང་གསབ་ཁྲིད། བགྲོ་གླེང་། བརྗེ་རེས་བཅས་བརྒྱུད་དེ། སློབ་ཁྲིད་ཀྱི་དགེ་མཚན་དང་སློབ་མའི་དགེ་མཚན་མངོན་པར་བྱས་ནས། སློབ་མ་རྣམས་ལ་སློབ་སྦྱོང་ལ་གོ་རྟོགས་ཡོད་པ་དང་། སློབ་སྦྱོང་ལ་ཐོབ་བྱ་ཡོད་པ། སློབ་སྦྱོང་ལ་གྲུབ་འབྲས་ཡོད་པར་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།