ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས།
2024.04.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་སྒྲུབ་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས། གསོ་སྦྱོང་གིས་ཡུལ་དངོས་སློབ་ཁྲིད་གཙོ་བོ་དང་དྲ་ཐོག་སློབ་ཁྲིད་ཕལ་བའི་སྦྲེལ་མཐུད་རྣམ་པ་སྤྱད་དེ་གསོ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་ནས་སློབ་ཁྲིད་གཙོ་བོ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ལས་བགོས་འགན་ཁུར་བློ་མཐུན་སོ་དགུ་གསོ་སྦྱོང་ལ་ཞུགས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་ནས་སློབ་ཁྲིད་ཕལ་བ་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོ་སོའི་ལས་བགོས་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་མི་སུམ་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་ལྔ་ཡིན་ལ། གཅིག་སྡུད་བརྙན་ལམ་སློབ་ཁྲིད་དང་བགྲོ་གླེང་བརྗེ་རེས་གཉིས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ཅིང་། གཅིག་སྡུད་བརྙན་ལམ་སློབ་ཁྲིད་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་དྲ་ལམ་ནས་འཚོགས་པ་དང་། གྲོས་སྡུར་བརྗེ་རེས་དེ་སློབ་ཁྲིད་གཙོ་བོ་དང་སློབ་ཁྲིད་ཕལ་བ་སོ་སོས་རྩ་འཛུགས་བྱས་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་སོགས་གཞུང་ལུགས་བསླབ་ཚན་ཁག་གསུམ་བཀོད་སྒྲིག་བྱས་ཡོད། བསླབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་པས། སློབ་མར་སྣེ་ཁྲིད་དེ་སློབ་སྦྱོང་གི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བྱ་བའི་དོན་དངོས་དང་འབྲེལ་ནས་སློབ་སྦྱོང་ནན་མོ་བྱེད་པ། བསམ་གཞིགས་ཟབ་མོ་གཏོང་བ་དང་། བགྲོ་གླེང་བརྗེ་རེས་སྤེལ་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སྔར་ལས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞུང་ལུགས་ཆུ་ཚད་དང་ལག་ལེན་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། རང་ཞིང་གི་འཕེལ་རྒྱས་ཐབས་ལམ་མགྱོགས་མྱུར་སྒོས་ལྗང་མདོག་ཅན་ལ་ཚུར་སྒྱུར་བྱེད་པ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་གཏོང་བ་དང་། ཐཱན་རྩེར་སྙེག་དང་ཐཱན་སྙོམས་སྒྲིག་ལ་ཧུར་ཐག་གིས་སྐུལ་འདེད་ཏན་ཏིག་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་བའི་དམིགས་ཡུལ་ལྡན།

ལྷ་མོ་འཚོས་བསྒྱུར།