མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་པའི་ཁམས་གསོ་རྟེན་གཞི་ཉེར་བཞི་བཙུགས།
2024.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྱད་ལྡན་གཡུལ་ས་གསར་སྐྲུན་བྱེད་པ་དང་། ལས་བཟོ་པ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་སྔར་ལས་སྤུས་ལེགས་དང་བདེ་ཐང་། བརྩེ་ལྡན་བཅས་ཀྱི་ཁམས་གསོ་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། མིག་སྔའི་བར་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྒོ་བྱང་བཀལ་ནས་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་པའི་ཁམས་གསོ་རྟེན་གཞི་ཉེར་བཞི་བཙུགས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་ཁམས་གསོ་ཐོན་ཁུངས་ངོ་སྤྲོད་བྱེད་རྒྱུར་གཙིགས་འཛིན་བྱས་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་བཏོན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་བཟོ་ཚོགས་བར་གྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་བཏང་ནས། ངལ་རྩོལ་དཔེ་ལེགས་ཅན་གྱི་ཁམས་གསོ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

2023ལོར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཟི་ལིང་དུ་རབ་མཛེས་མཚོ་སྔོན་དུ་བསྐྱོད་པ་དང་། སྐྱེ་ཁམས་ཁམས་གསོ་མྱོང་རོལ་བྱེད་པའི་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་པའི་ཁམས་གསོའི་ཐོན་ཁུངས་ངོ་སྤྲོད་བྱ་འགུལ་སྤེལ་ནས། པེ་ཅིང་དང་ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཧུའུ་ནན། ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གདན་ཞུ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤྱིའི་བཟོ་ཚོགས་བར་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་པའི་ཁམས་གསོ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་ལ། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་པའི་ཁམས་གསོ་རྟེན་གཞི་ཉེར་བཞིའི་བར་ལྟ་སྐུལ་དོ་དམ་གྱི་གྲོས་མཐུན་བཀོད་པར་མ་ཟད། ཧྲང་ཧེ་ལས་བཟོ་པའི་ཁམས་གསོ་རྟེན་གཞིའི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཀྲེ་ཅང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་ལ་མཉམ་འབྲེལ་བྱས་ནས་ཀྲེ་ཅང་ཞིང་ཆེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རབ་མཛེས་མཚོ་སྔོན་དང་ཉམས་ལྡན་མཚོ་ནུབ་ཅེས་པའི་བཟོ་ཚོགས་ཀྱི་ཁམས་གསོའི་སྤུས་ལེགས་ཐོན་རྫས་ལམ་ཐིག་གི་ངོ་སྤྲོད་ཚོགས་འདུ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་གྱི་ཡུལ་སྐོར་ཁེ་ལས་རྩ་འཛུགས་བྱས་ཏེ་ཀྲེ་ཅང་དུ་སོང་ནས་སྤུས་ལེགས་ལམ་ཐིག་དང་ལྗོངས་རྒྱུ་ཐོན་ཁུངས་ངོ་སྤྲོད་བྱས་པར་མ་ཟད། མཚོ་སྔོན་དེ་ཀྲེ་ཅང་ཞིང་ཆེན་བཟོ་ཚོགས་ཀྱི་ཁམས་གསོའི་དམིགས་འབེན་ས་ཆའི་ཁྲོད་བཞག་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ལས་བྱེད་པ་དང་ལས་བཟོ་པའི་ཁམས་གསོ་རྟེན་གཞི10བཙུགས་ལ། དེའི་ཞོར་དུ་ཀྲེ་ཅང་གི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཁམས་གསོ་བྱེད་མཁན་རྩ་འཛུགས་བྱས་ནས་མཚོ་སྔོན་དུ་ཡུལ་སྐོར་ལྗོངས་རྒྱུ་དང་ཁམས་གསོ་བྱེད་དུ་འགྲོ་བར་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས།

རིན་ཆེན་མཚོས་བསྒྱུར།