མཚོ་བྱང་ཁུལ་གྱིས་ལས་རིགས་རྩལ་ནུས་སྦྱོང་བརྡར་ཏན་ཏིག་གིས་སྤེལ།
2024.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

 མཚམས་སྦྱོར་བྱས་པ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དོན་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་རིགས་རྩལ་ནུས་ཆུ་ཚད་སྲ་བརྟན་མཐོར་འདེགས་གཏོང་བའི་འཆར་གཞི་དངོས་འབེབས་བྱ་རྒྱུ་དེ2024ལོའི་མི་དོན་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གཙོ་གནད་དུ་བཟུང་སྟེ། ལས་རིགས་རྩལ་ནུས་སྦྱོང་བརྡར་སྤེལ་བ་དེ་ལས་ཞུགས་བརྟན་འཇགས་དང་། སྒྲིག་གཞི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་སེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་།  རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ལས་ཞུགས་དང་། ངལ་རྩོལ་ཚོང་རྟགས་གསོ་སྐྱོང་བྱེད་པར་བསྒྱུར་བ་དང་ཟུང་འབྲེལ་བྱེད་པ། དབུལ་ཐར་ངལ་རྩོལ་ནུས་པ་དང་། གྲོང་རྡལ་ལས་ཤོར་མི་སྣ་ཐོ་འགོད་བྱེད་པ། མཐོ་རིམ་མཐར་ཕྱིན་སློབ་མ། དམག་དཔུང་ནས་ཕྱིར་བུད་པའི་དམག་མི་སོགས་གཙོ་གནད་ཚོགས་ཁག་གི་སྦྱོང་བརྡར་དགོས་མཁོ་ལ་དམིགས་ནས། དམིགས་གཏད་རྣམ་པའི་གནད་ཁེལ་སྦྱོང་བརྡར་སྤེལ། མིག་སྔའི་བར་དུ། ལས་གཏོད་གསོ་སྦྱོང་དང་། གཙག་དྲུབ། སེན་མོ་མཛེས་བཟོ། མི་རིགས་གླུ་གར། མཐོ་རིམ་མཐར་ཕྱིན་སློབ་མའི་གཞུང་ཞབས་པའི་རྒྱུགས་སྤྲོད་གསོ་སྦྱོང་སོགས་ལས་རིགས་རྩལ་ནུས་སྦྱོང་བརྡར་ཁྱོན་བསྡོམས་ཐེངས་དགུ་སྤེལ་ཞིང་། མི392གསོ་སྦྱོང་ལ་ཞུགས་ཡོད།

ཟླ4པའི་ཚེས7ཉིན། མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་ལས་གཏོད་རྩལ་ནུས་སྦྱོང་བརྡར་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། སེན་མོ་མཛེས་བཟོའི་སྦྱོང་བརྡར་བྱས་པ་བརྒྱུད། སེན་མོ་མཛེས་བཟོ་བྱེད་སྟངས་བསླབ་པར་མ་ཟད་དེའི་སྟེང་རི་མོ་སྣ་ཚོགས་བཏོད་པའི་ཐབས་ཤེས་ཀྱང་བསླབ་པས་རྗེས་ཕྱོགས་ཀྱི་ལས་གཏོད་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

མཚོ་བྱང་ཁུལ་གྱིས་གྲོང་རྡལ་ལས་ཞུགས་འབྲེལ་གཏུག་པ་དང་སྡེ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་རེ་འདུན་རྟོག་ཞིབ་བྱ་བ་ཡག་པོར་བསྒྲུབས་པ་དང་མཉམ་དུ། སྦྱོང་བརྡར་དང་ལས་ཞུགས་གཅིག་འབྲེལ་རྣམ་པ་བསྡུ་ལེན་བྱས་ཤིང་། 2024ལོའི་དཔྱིད་རླུང་འགུལ་སྐྱོད་བྱེད་སྒོའི་དྲ་ལམ་དང་ཡུལ་དངོས་ཀྱི་ལས་བསྡུ་ཚོགས་འདུ་ཐེངས་དགུ་སྤེལ་བ་དང་། ཁེ་ལས238རྩ་འཛུགས་བྱས་ཏེ་ལས་ཞུགས་ལས་གནས7800ཙམ་འདོན་སྤྲོད་བྱས། རྩ་འཛུགས་ཡོད་པའི་ངལ་རྩོལ་ལས་གཉེར་ཤུགས་དྲག་ཏུ་བཏང་སྟེ། གཅིག་བསྡུས་ཕྱིར་སྐྱོད་ཀྱི་ལས་གཉེར་མི་སྣར་འབྲེལ་གནས་གཅིག་གཏད་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ནས། རྩ་འཛུགས་རང་བཞིན་གྱི་ཕྱིར་གཏོང་མི་ཐེངས3146ལ་སླེབས་པ་མངོན་འགྱུར་བྱུང་བ་དང་། མི་དང་ལས་གནས་གནད་ཁེལ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ཞིང་། རྩལ་ནུས་སྦྱོང་བརྡར་སྤུས་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་དང་སྦྱོང་བརྡར་རྗེས་ཀྱི་ལས་ཞུགས་ལས་ཕྱོད་ཇེ་མཐོར་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།