འབྲི་ཆུའི་མཚོ་སྔོན་བར་མཚམས་ཀྱི་ཉ་འཛིན་བཀག་སྡོམ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
2024.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། འབྲི་ཆུའི་ཉ་འཛིན་བཀག་སྡོམ་བྱེད་པའི་བྱ་བ་སྤེལ་བའི་ཚུན་དུ། མཚོ་སྔོན་གྱིས་རྐྱེན་སྲོལ་འཛུགས་པ་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཁྲིམས་འཛིན་ནན་མོ་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ། སླར་གསོར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་ཉ་འཛིན་བཀག་སྡོམ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་བྱ་བའི་ཆེད་དོན་ཚན་ཁག་འཛུགས་པར་མཛུབ་སྟོན་བྱས་པ་དང་། སྡེ་ཁག་མཉམ་འབྲེལ་དང་མཉམ་འབྲེལ་ཁྲིམས་འཛིན། དྲ་མིག་ཅན་གྱི་དོ་དམ། ཆ་འཕྲིན་བཀོད་གཏོང་། ལྟ་སྐུལ་ཞིབ་བཤེར། ཞུ་གཏུག་བྱེད་མཁན་ལ་བྱ་དགའ་སྟེར་བ། ལྟ་ཞིབ་ཞིབ་བཤེར། ཁྱབ་བསྒྲགས་ལེགས་བཅོས་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་ནས་འཐུས་ཚང་དུ་བཏང་ལ། ཏང་ཨུས་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཁག་བར་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་ཟབ་ཞུགས་བྱེད་པའི་ཉ་འཛིན་བཀག་སྡོམ་དོ་དམ་རྐྱེན་སྲོལ་གྲུབ་པར་བྱས་པ་དང་། འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་ཉ་འཛིན་བཀག་སྡོམ་བྱ་བར་སྐུལ་འདེད་ནུས་ལྡན་བྱས་པས། འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་ཉ་འཛིན་དང་འབྲེལ་བའི་གྱོད་དོན་གཅིག་ཀྱང་མ་བྱུང་བ་དང་། ཉ་འཛིན་བཀག་སྡོམ་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

འབྲི་ཆུའི་ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གསོ་སྐྱོང་བཟང་བོ་བྱེད་པ་དང་། ཉ་ལས་ཐོན་ཁུངས་ཀྱི་མཐིལ་རྟོགས་བརྟག་བཤེར་དང་ཉ་འཛིན་བཀག་སྡོམ་གྱི་གྲུབ་འབྲས་དཔྱད་འཇོག ཉ་འཛིན་དོ་དམ་ལམ་ལུགས་འཛུགས་ཆེད། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལྟ་ཞིབ་དང་ཆ་ཚང་རང་བཞིན་གྱི་དམིགས་ཚད་དཔྱད་འཇོག་བྱ་བ་ལག་བསྟར་བྱས་ནས། འབྲི་ཆུའི་འགོ་ཁུངས་ཀྱི་ཉ་རིགས་ཀྱི་རིགས་ཚོགས་གྲུབ་ཚུལ་དང་ཐོན་ཁུངས་ཀྱི་འགྱུར་ལྡོག གནོད་ཐེབས་གནས་ཚུལ་ལ་ཧ་ལམ་རྒྱུས་ལོན་བྱས་པར་མ་ཟད། འབྲི་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ནས་ཉ་རིགས་གསར་བ་གཅིག་དང་ཟིན་ཐོར་བཀོད་མེད་པའི་དངོས་རིགས་གཉིས་རྙེད།

མིག་སྔར། འབྲི་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་་ཁུལ་གསུམ་དང་རྫོང་དགུ་ཡོངས་སུ་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་བཙུགས་ཡོད་པ་དང་། རྒྱང་བསྟེན་བརྙན་རིས་ལྟ་རྟོག་བྱེད་ས་བརྒྱ་དང་ཉེར་གསུམ་བཙུགས་ཡོད་ལ། དེའི་ཁྲོད་འབྲི་ཆུའི་བཞུར་རྒྱུད་ཀྱི་ལྟ་རྟོག་བྱེད་ས་སོ་གཉིས་ཀྱིས་སྐོར་སྲུང་མི་སྣ་སྟོང་གཅིག་སུམ་བརྒྱ་དང་བཅུ་རྩ་འཛུགས་བྱས་ནས་ཆུ་རྐའི་སྐོར་སྲུང་དང་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ། ཞིང་ཆེན་ཡོངས་ཀྱི་ཉ་འཛིན་བཀག་སྡོམ་གྱི་ཡུན་ཕན་ལྟ་སྐུལ་རྐྱེན་སྲོལ་ཧ་ལམ་གྲུབ་ཡོད་པ་དང་། ཉ་འཛིན་བཀག་སྡོམ་བྱ་བའི་ཆེད་དོན་ཚན་ཁག་གི་འཁོར་རྒྱུག་ཕན་ནུས་དང་ལྡན་ལ། ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྡེ་ཁག་གི་རོགས་འདེགས་སྔར་ལས་དམ་ཟབ་ཡིན་ཞིང་། ཆེད་དོན་བཅོས་སྐྱོང་ཐད་ནས་ཟིལ་ཤུགས་ལྡན་པ་དང་། ཐོན་ཁུངས་བརྟག་བཤེར་ཐད་ནས་ཧ་ཅང་ཆ་ཚང་ཡིན།

རིན་ཆེན་མཚོས་བསྒྱུར།