མཚོ་སྔོན་གྱིས2024ལོའི་ཞིང་ཆེན་ཡོངས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་འཆར་གཞིའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས།
2024.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན། ཟི་ལིང་གྲོང་ཁྱེར་མི་དོན་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། གསོ་སྦྱོང་དང་ལས་གནས་འདོན་སྤྲོད་ཀྱི་ཞབས་ཞུས་མི་མང་པོ་ཞིག་གི་ལས་ཞུགས་ཕུགས་འདུན་འགྲུབ་པར་བྱེད་བཞིན་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྡེ་ཁག་བཅུ་གཉིས་དང་མཉམ་འབྲེལ་སྒོས2024ལོའི་ཞིང་ཆེན་ཡོངས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་འཆར་གཞིའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཏེ། 2024ལོར་ཞིང་ཆེན་ཡོངས་ནས་རིགས་སོ་སོའི་ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས་འབུམ་གཅིག་དང་ཁྲི་བཞི་དང་སྟོང་བཞི་དྲུག་བརྒྱ་གཏན་འཁེལ་བྱས་ཤིང་། དེའི་ཁྲོད། མི་དོན་སྡེ་ཁག་གིས་ཁ་གསབ་རང་བཞིན་གྱི་ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི་དགུ་རྩ་འཛུགས་བྱས་པ་དང་། ལས་རིགས་སྡེ་ཁག་གིས་རིགས་སོ་སོའི་གསོ་སྦྱོང་མི་ཐེངས་ཁྲི་ལྔ་སྟོང་བཞི་དྲུག་བརྒྱ་རྩ་འཛུགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ལག་བསྟར་ཇུས་གཞིས་གཙོ་བོ་ཁེ་ལས་ལས་བཟོ་པ་དང་ཞིང་པ་ངལ་རྩོལ་པ། དབུལ་ཐར་ངལ་རྩོལ་པ་སོགས་ལས་ཞུགས་ཚོགས་པ་གཙོ་བོར་དམིགས་པ་དང་། ངལ་རྩོལ་པའི་གསོ་སྦྱོང་རེ་འདུན་དང་ཁེ་ལས་ཀྱིས་ལས་མི་བཀོལ་བའི་དགོས་མཁོར་གཞིགས་ཏེ། གནད་འཁེལ་སྒོས་ཚོགས་པ་སོ་སོའི་དགོས་མཁོ་བསྐངས་པ་དང་། ལས་རིགས་ལག་རྩལ་གསོ་སྦྱོང་ནུས་ལྡན་སྒོས་རྩ་འཛུགས་ལེགས་པོ་བྱས་ནས། ངལ་རྩོལ་པའི་ལག་རྩལ་ཆུ་ཚད་དང་ལས་གནས་དགོས་མཁོའི་སྙོམ་སྒྲིག་གི་ཚད་ཇེ་མཐོར་བཏང་། ལག་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་བྱེད་ནུས་སྔར་ལས་འདོན་སྤེལ་བྱས་ཏེ། གསོ་སྦྱོང་དང་གདེང་འཇོག་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་བ་དང་། ངལ་རྩོལ་པས་གསོ་སྦྱོང་བརྒྱུད་དེ་ལག་རྩལ་མཐོར་འདེགས་དང་ལས་ཞུགས་ལས་གཏོད། ཡོང་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱས།  ཞིང་པ་ངལ་རྩོལ་པ་སོགས་ལས་ཞུགས་ཚོགས་པ་གཙོ་བོའི་ལག་རྩལ་བྱང་ཚད་དང་ལས་ཞུགས་བརྟན་འཇགས་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་སུ་གཏོང་བ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་སྒྱུར་སྤྲོད་དང་ཁྱིམ་དུ་ལོག་པའི་ཞིང་པ་ངལ་རྩོལ་པ་སོགས་གཙོ་བོ་བྱས་ནས་དངོས་སྤྱོད་ཅན་གྱི་ཡུན་ཐུང་ལག་རྩལ་གསོ་སྦྱོང་དང་། ལས་གནས་སུ་ཡོད་པའི་ཞིང་པ་ངལ་རྩོལ་པའི་ལས་རིགས་ལག་རྩལ་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་བཅས་སྤེལ་ཞིང་། ངལ་རྩོལ་པའི་ལག་རྩལ་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་ནས། ལོ་རྒས་པའི་ཞིང་པ་ངལ་རྩོལ་པ་དང་ན་གཞོན་ཞིང་པ་ངལ་རྩོལ་པར་འཚམ་པའི་གསོ་སྦྱོང་རྣམ་གྲངས་སྤེལ་ཏེ། ཞིང་པ་ངལ་རྩོལ་པའི་ལས་རིགས་ལག་རྩལ་གསོ་སྦྱོང་གི་ཁྱད་ལྡན་སྤུས་ལེགས་ཚོང་རྟགས་སྐོར་ཞིག་བསྐྲུན་པ་དང་། ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་དང་ཞིང་སྡེའི་ལག་ཤེས་པ་སྐོར་ཞིག་སྐྱེད་སྲིང་བྱེད་པ། རིག་གནས་ཡོད་ལ་ལག་རྩལ་རྟོགས་པ། ཚོང་གཉེར་ལ་མཁས་ཤིང་དོ་དམ་བྱེད་ཤེས་པ། སྡོད་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཞིང་པ་ངལ་རྩོལ་པའི་རུ་ཁག་ཅིག་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་ལྡན།

དེ་ལས་གཞན།  ལག་བསྟར་ཇུས་གཞིས་ལས་ཁུངས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ་གཅིག་གྱུར་མཐུན་སྦྱོར་བྱས་ནས་འགན་འཁྲི་གཙོ་བོ་ཏན་ཏིག་གིས་ཁུར་ཏེ་བྱ་བའི་སྟོབས་ཤུགས་གཅིག་བསྡུས་བྱས་ཤིང་། བྱ་བའི་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་ལག་རྩལ་གྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱས། ཁ་གསབ་རང་བཞིན་གྱི་གསོ་སྦྱོང་ལས་ཁུངས་ཀྱི་དཀར་ཆག་དོ་དམ་སྔར་ལས་ལེགས་བཅོས་བྱས་པ་དང་། ཁ་གསབ་རང་བཞིན་གྱི་གསོ་སྦྱོང་ལས་ཁུངས་ཀྱི་ལས་སྒྲུབ་གོ་རིམ་ཚད་ལྡན་དུ་བཏང་ཞིང་། དམངས་སྒྲུབ་ཀྱི་ལས་རིགས་གསོ་སྦྱོང་ལས་ཁུངས་ཀྱི་དོ་དམ་ལ་ཤུགས་བསྣན་ནས། ཁ་གསབ་མ་དངུལ་གཅིག་གྱུར་བེད་སྤྱོད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་། ཡུན་རིང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ལས་རིགས་ལག་རྩལ་གསོ་སྦྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས།

ལྷ་མོ་འཚོས་བསྒྱུར།