མཚོ་སྔོན་ཞིང་ཆེན་གྱིས“ལང་ཚོ་དང་ཁྲིམས་ལུགས་མཉམ་འགྲོད”ཅེས་པའི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ།
2024.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ནར་མ་སོན་པའི་མིས་ཁྲིམས་འགལ་ཉེས་གསོག་བྱེད་པར་འགོ་ཁུངས་ནས་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། ཟླ3པའི་སློབ་འགོ་ཚུགས་པའི་རིང་ལ་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ལས་ཁུངས་སོགས་དང་མཉམ་འབྲེལ་བྱས་ཏེ། “ལང་ཚོ་དང་ཁྲིམས་ལུགས་མཉམ་འགྲོད”ཅེས་པའི་བྱ་འགུལ་རྒྱ་ཁྱབ་ངང་སྤེལ། མིག་སྔའི་བར་དྲ་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་སློབ་རར་སྐྱོད་པའི་བྱེད་སྒོ་དེ་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་མི་ཐེངས་འབུམ་གསུམ་དང་ཁྲི་གསུམ་ལ་ཁྱབ་པར་བྱས་ཡོད།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་དང་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་དོན་གཙོ་གནད་དུ་བཟུང་ནས་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་ནུས་ལྡན་བྱེད་པ་དང་། རིམ་པ་ཁག་གི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ་ན་གཞོན་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། ཟི་ལིང་གྲོང་ཁྱེར་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པ་དང་། ཁྲིམས་སྐྱོང་སློབ་གཙོ་གཞོན་པ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ཆེད་ལས་ལས་བྱེད་པ་བཅས་ལས་གྲུབ་པའི་འཆད་ཁྲིད་ཚོགས་པ་བཙུགས་ནས“ལང་ཚོ་རང་སྲུང་དང་བདེ་འཇགས་གུང་གསེང” “ཁྲིམས་སྐྱོང་སྐོར་སྐྱོད་སློབ་ཚན་ཆུང་གྲས་ཕྱོགས་ལྔར་བསྐྱོད་པའི་བྱེད་སྒོ”སོགས་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་བྱེད་སྒོ་རབ་དང་རིམ་པ་ཐེངས360སྤེལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཁྱེར་དང་རྫོང་རིམ་པའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སྐུལ་སློང་བྱས་ནས་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ“སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི”ཆེད་དོན་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས་རིམ་རྩིས་བྱས་ན་སློབ་མ་ཁྲི་བཞི་དང་སྟོང་གཉིས་ལྷག་ལ་ཁེབས་པར་བྱས།

དེ་དང་ཆབས་ཅིག་གུང་གཞོན་ཚོགས་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཀའ་ངལ་ཡོད་པའི་ན་གཞོན་ལོ་ཆུང་གི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ནར་མ་སོན་པའི་མིའི་གཞི་རྩའི་གནས་ཚུལ་རྩད་ཞིབ་བསྡོམས་རྩིས་བྱེད་པའི་བྱ་བ་སྤེལ་ཏེ། ཁ་གཏད་རོགས་སྐྱོར་སྡེ་བའི་གཞིས་སྲུང་བྱིས་པ་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་དཀའ་ངལ་ཡོད་པའི་ན་གཞོན་ལོ་ཆུང་ལ་ཡོངས་ཁྱབ་ཏུ་བརྟག་དཔྱད་བྱས་པར་མ་ཟད། བརྟག་དཔྱད་ཁྱིམ་ཚང་ལ་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་བྱས་ནས“ཁྲིམས་སྐྱོང་དྲིལ་བསྒྲགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར”མཉམ་དུ་སྤེལ་བ་བརྒྱུད་ནས་ནར་མ་སོན་པའི་མིའི་བདེ་འཇགས་ལ་འགན་སྲུང་ཡོད་པར་བྱས།