ཟླ4པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ཉོ་ཚོང་རྡུང་རྡེག་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་རྒྱལ་ཁབ་ནགས་རྩྭ་ཅུའུ་དང་ཞིང་ལས་ཞིང་སྡེ་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་གཅིག་གི་བཀོད་སྒྲིག་ལྟར། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་འགོ་ཁྲིད་དེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་སྒོ་ཁྲལ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། མི་དམངས་མཁའ་འགྲུལ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་སོགས་ལས་ཁུངས་ལ་མཉམ་འབྲེལ་བྱས་ནས་དུས་ཡུན་ཉིན་གྱ་གཅིག་རིང་གི་བསིལ་རླུང་འགུལ་སྐྱོད་ཅེས་པའི2024ལོའི་རི་སྐྱེས་སྲོག་ཆགས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་བྱེད་པའི་མཉམ་འབྲེལ་འགུལ་སྐྱོད་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་འགུལ་སྐྱོད་ཀྱིས་སྡེ་ཁག་སོ་སོའི་འགན་འཁྲི་སྔར་ལས་གསལ་བོར་བགོས་པ་དང་། སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛིན་གྱི་མཉམ་ཤུགས་གྲུབ་པར་བྱས། ཁྲིམས་འཛིན་མི་སྣ་རྩ་འཛུགས་བྱས་ནས་ཁྲིམས་འགལ་གྱིས་སྲོག་ཆགས་འཛིན་པ་དང་མིའི་ཐབས་ཀྱིས་རྒྱུད་སྤེལ་བ། ཕྱིར་འཚོང་བ། ཉོ་སྒྲུབ་བྱེད་པ། བཀོལ་སྤྱོད་བྱེད་པ། རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བ། སྐྱེལ་འདྲེན་དང་བརྒྱུད་སྐུར་བྱེད་པ། རི་སྐྱེས་སྲོག་ཆགས་དང་དེའི་བཟོས་པའི་དངོས་རྫས་ཕྱིར་འཚོང་ནང་འདྲེན་བྱེད་པའི་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། དེ་དང་འབྲེལ་བའི་དྲ་ཐོག་གི་སྟེགས་བུ་དང་ཡུལ་དངོས་ཀྱི་ཚོང་ཁང་སོགས་ལ་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པ་དང་། རྡུང་རྡེག་བྱེད་རྒྱུའི་ཁྲིམས་འགལ་ཉེས་བཟོ་སྤྱོད་ཚུལ་དང་བཅོས་སྐྱོང་གི་ཁུལ་ཁོངས་ཡུལ་གནས་གཙོ་བོ་གཏན་ཁེལ་བྱས་རྗེས། ཁྲིམས་ལྟར་ཁྲིམས་འགལ་སྤྱོད་ཚུལ་དེ་དག་ལ་མྱུར་དུ་ཞིབ་བཤེར་རྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་རྒྱུ་རེད།
དེ་ལས་གཞན། སྤྱི་དམངས་ཀྱིས་བྱེད་ཐབས་སྣ་མང་དང་ཐབས་ལམ་མང་པོ་བརྒྱུད་དེ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགུལ་ཉེས་བཟོའི་བྱ་སྤྱོད་ཞུ་གཏུག་བྱེད་པ་དང་དེར་ངོ་རྒོལ་དང་བཀག་འགོག་བྱེད་པར་སྐུལ་སློང་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་འགུལ་སྐྱོད་བྱེད་པའི་ཁོངས་གཏོགས་སྡེ་ཁག་བཅུས་མཉམ་འབྲེལ་ལྟ་སྐུལ་ཚན་ཆུང་བཙུགས་ནས། ས་ཆ་སོ་སོ་རུ་གནས་ཚུལ་ལ་མཛུབ་སྟོན་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།