མཚོ་སྔོན་མཚོ་ཤར་གྱིས་བརྩེ་སེམས་ལྡན་པའི་སྒོ་ནས་གནོད་ཁུལ་གྱི་དམངས་ཚིས་གནད་དོན་ཐག་བཅད།
2024.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གནོད་ཁུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་གྱིས་འགོ་བས་བརྡ་བརྒྱབ་ན་སྡེ་ཁག་གིས་འབྱོར་ཐོ་འགོད་པ་དང་། ཞུ་གཏུག་འབྱོར་ན་མྱུར་དུ་སྒྲུབ་པ་དང་ཞུ་གཏུག་མ་བྱས་ན་སྔོན་ལ་སྒྲུབ་པའི་དམངས་ཚིས་གནད་དོན་མྱུར་མོར་ཐག་གཅོད་པའི་རྐྱེན་སྲོལ་གསར་གཏོད་བྱས་ནས་བཙུགས་ཏེ། ལས་བྱེད་པ་དང་ཏང་ཡོན། མང་ཚོགས་བཅས་མཉམ་འབྲེལ་རྣམ་པས་གནོད་ཐེབས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་གནད་འཁེལ་བདེ་འགོད་དང་དྲོད་སེམས་ཞབས་ཞུ། རྗེས་འདེད་འགན་སྲུང་བཅས་སྒྲུབ་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཁྱོན་བསྡོམས་སྟོང་གཅིག་དང་བཞི་བརྒྱ་དོན་གཉིས་ཐག་གཅོད་བྱས་ཤིང་། གྲོང་ཁྱེར་རིམ་པས་རིགས་མི་འདྲ་བའི་གནད་དོན་བརྒྱ་དང་དྲུག་ཞིབ་བཤེར་མཛུབ་སྟོན་དང་སྐུལ་འདེད་ཐག་གཅོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། བདེ་འགོད་ས་ཚིགས་བརྒྱ་དང་གྱ་ལྔའི་སྟེང་དུ་གྲོང་ཁྱེར་དང་རྫོང་། ཡུལ་ཚོ། ས་ཚིགས་བཅས་རིམ་པ་བཞིའི་འགན་འཁྲིའི་མ་ལག་བཙུགས་ཡོད་དེ། གྲོང་ཁྱེར་རིམ་པའི་སྤྱིའི་འགོ་བས་སྣེ་ཁྲིད་ནས་སྤྱི་ཁོག་དམ་འཛིན་བྱས་པ་དང་། རྫོང་རིམ་པའི་འགོ་བས་ལྟ་སྐུལ་ཁྲིད་སྟོན་དང་བཀོད་འདོམས་བྱས་ལ། ཡུལ་ཚོ་རིམ་པས་འབྲེལ་འདྲིས་མཐུན་སྦྱོར་མཉམ་སྡེབ་བྱས་པ་དང་། བདེ་འགོད་ས་ཚིགས་ཀྱི་འགོ་བས་རང་འགན་རང་གིས་ཁུར་ཞིང་། གོང་འོག་རིམ་པས་མཉམ་འགུལ་གྱིས་བྱ་བ་སྒྲུབ། དེ་དང་མཉམ་དུ། གནོད་ཐེབས་སྡེ་བའི་ཏང་ཀྲི་པུའུ་དང། བར་བརྒལ་བདེ་འགོད་ས་ཚིགས་ཀྱི་གནས་སྐབས་ཏང་ཀྲི་པུའུ་ཡིས་ཉིན་གཅིག་ལ་ཚོགས་འདུ་གཅིག་དང་ཕྱོགས་བསྡོམས་ཆུང་ཆུང་གཅིག གཟའ་འཁོར་གཅིག་ལ་ཞིབ་འཇུག་བརྡར་གཅོད་གཅིག་དང་ཕྱོགས་བསྡོམས་གཅིག་བཅས་ཀྱི་བྱ་བའི་རྐྱེན་སྲོལ་བརྒྱུད་ནས། བྱ་བ་སྣ་ཚོགས་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་།

གཞི་རིམ་མང་ཚོགས་ཀྱི་རེ་ཞུར་ཁ་གཏད་ནས་མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་མི་ཐེངས་སྟོང་དྲུག་དང་དོན་གསུམ་རྩ་འཛུགས་བྱས་ཏེ། ཡུལ་ཚོ་ཉེར་བརྒྱད་དང་སྡེ་བ་བཞི་བརྒྱ་ང་དགུ། མི་ཐེངས་ཁྲི་བདུན་དང་སྟོང་དགུ་དྲུག་བརྒྱ་བརྒྱད་ལ་བཅར་འདྲི་བྱས་ཤིང་། གནོད་ཐེབས་མང་ཚོགས་མང་པོར་བཅར་འདྲི་བྱེད་པའི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་བ་དང་། ཡུལ་ལ་ལོག་པའི་མི་སྣའི་བདེ་འགོད་དང་། གློག་དང་དྲོད་རླངས་མཁོ་འདོན་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱས། གྲོང་ཁྱེར་རིམ་པའི་བཀོད་འདོམས་པུའུ་ཡི་གཞི་རིམ་ཏང་འཛུགས་ཀྱི་མང་ཚོགས་བྱ་བའི་ཚན་ཆུང་གིས་ལྟ་སྐུལ་ཁྲིད་སྟོན་དང་ཡར་ཞུ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཡར་ཞུ་བྱེད་པའི་གནད་དོན་དག་ཐེར་དང་ཡོ་བསྲང་དམ་འཛིན་ཏན་ཏིག་བྱས་ཤིང་། རྩིས་ཐོ་རྣམ་པའི་དོ་དམ་དང་། ཐོ་སུབ་རང་བཞིན་གྱི་ལྟ་ཞིབ། ཕྱིར་ལྟ་རྣམ་པའི་ཞིབ་བཤེར་ཚད་ལེན་སྐུལ་འདེད་སོགས་ཀྱི་ཐབས་ལམ་བརྒྱུད་དེ་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱས།

ལྷ་མོ་འཚོས་བསྒྱུར།