ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་བརྗོད་དོན་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ།
2024.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས12ཉིན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས་དགུ་པ་སླེབས་ལ་ཉེ་དུས། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་སྤྱིའི་ས་ཚིགས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་སོགས་ལས་ཁུངས་བཅུ་དང་མཉམ་འབྲེལ་སྒོས་ཞིན་ཧྭ་ལེན་བྱིས་པའི་རྩེད་འཇོ་ར་བའི་རྒྱ་མཚོ་ཁང་ནས་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་བརྗོད་དོན་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ། འགོ་རྩོམ་འཛད་སྒོའི་ཡུལ་དངོས་སུ་ལས་ཁུངས་སོ་སོས་རང་ངོས་ཀྱི་འགན་ནུས་དང་འབྲེལ་ནས་སློབ་མ་དང་ཡུལ་སྐོར་བར་གཞིགས་ཏེ་རྣམ་པ་སྣ་མང་གི་མཉམ་འགུལ་རྣམ་པའི་དྲིལ་སྒྲོག་བྱས།

ཐེངས་འདིའི་བྱེད་སྒོ་ཞིན་ཧྭ་ལེན་བྱིས་པའི་རྩེད་འཇོ་ར་བའི་ཐང་ཆེན་དང་རྒྱ་མཚོ་ཁང་སོ་སོ་ནས་སྤེལ་བ་དང་། ཚང་མས་ཐང་ཆེན་གྱི་བརྗོད་དོན་འགྲེམས་པང་སྟེང་ཁྲིམས་ལུགས་ཁྲིམས་སྲོལ་དང་དཔེ་མཚོན་དཔེ་གཞི་སོགས་སློབ་སྦྱོང་བྱེད་ཆོག་ལ། རྒྱལ་ཁོངས་སྐྱེ་དངོས་བདེ་འཇགས་ཤེས་བྱའི་དྲི་བ་དྲིས་ལན་ལ་ཞུགས་ཆོག རྒྱ་མཚོ་ཁང་ནང་གི་མཉམ་འགུལ་ཉམས་ལེན་སྔར་ལས་མངོན་གསལ་དོད་པོ་ཡིན་ཏེ།  རྒྱ་མཚོའི་སྐྱེ་དངོས་ལ་གཅེས་སྐྱོང་བྱེད་པའི་མཉམ་འགུལ་འཁྲབ་སྟོན་དང་རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་ཁྲིད་སོགས་ཉམས་ལེན་རིམ་པ་བརྒྱུད་དེ། སྐྱེ་དངོས་བདེ་འཇགས་ཀྱི་ཤེས་བྱ་ལྷོད་གཡེང་སྤྲོ་དགའི་མཉམ་འགུལ་རོལ་རྩེད་ཁྲོད་འདྲེས་པར་བྱས།

ངོ་སྤྲོད་བྱས་པ་ལྟར་ན། འགོས་ནད་དང་རིམས་ནད་རིགས་སྣ་ཚོགས་བྱུང་བ་དང་ཕྱི་ཡོང་སྐྱེ་དངོས་ནང་དུ་འཛུལ་བའི་ཉེན་ཁ་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས་རྒྱལ་ཁོངས་སྐྱེ་དངོས་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་སྔར་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྒོ་ཁྲལ་ལས་ཁུངས་དེ་ཕྱིར་གཏོང་ནང་འདྲེན་གྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཡིན་པས་ཁྲིམས་ལྟར་ཕྱིར་གཏོང་ནང་འདྲེན་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་བརྟག་ཞིབ་བྱ་བ་བསྒྲུབ་དགོས་པ་དང་། ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གཙོ་བོ་སྲོག་ཆགས་དང་སྐྱེ་དངོས་དང་དེའི་ཐོན་རྫས། ཐུམ་སྒྲིལ་དངོས་པོ། དོས་སྒམ། སྐྱེལ་འདྲེན་ལག་ཆ་དང་ཕྱིར་གཏོང་ནང་འདྲེན་སྐབས་ཁྱེར་བའི་དངོས་པོ་དང་བསྐུར་བའི་དངོས་པོར་ཞིབ་བཤེར་ཚད་ལེན་དང་། ནད་ཡམས་བརྟག་ཞིབ་དང་གནོད་མེད་ཅན་གྱི་ཐག་གཅོད་བཅས་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།